དགེ་ལས་སྦྱིན་བདག་སངས་རྒྱས་མཚམས་སྦྱོར།


སྦྱིན་བདག་སངས་རྒྱས་མཚམས་སྦྱོར།
       གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་གསར་བཟོ་ལ་མཐུན་རྐྱེན་སྦྱོར་མཁན་གྱི་དགེ་ལས་ཞལ་འདེབས་སྦྱིན་བདག་ཐོག་མ་སྐུ་ཞབས་སངས་རྒྱས་ལགས་ནི་སྤྱི་ལོ་༡༩༦༧ ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཧོལ་ཁ་ཡུལ་ཚོ། རི་འཕྱོར་སྡེ་བར་སྐྱེས་ཤིང་།  ཆུང་དུས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་བྱུང་ཡང་།    རང་ལོ་ཉི་ཤུའི་སྟེང་ཨ་ཚོགས་དགོན་གྱི་ཆོས་སྒོར་ཞུགས་ཏེ་འདོན་རྟ་དབྱངས་གསུམ་ལ་སྦྱངས།  ༡༩༩༡ ལོར་མདོ་སྨད་ཀླུ་ཚང་དགོན་ཆེན་གྱི་ཚོགས་གྲལ་ཏུ་ཞུགས་ཤིང་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱས།   ༡༩༩༦ ལོར་རྐྱེན་དབང་གིས་གྲྭ་བ་བྱེད་པའི་སྐལ་བ་མ་བྱུང་བས་ཕྱིར་ཕ་ཡུལ་དུ་སོང་སྟེ།  ཚོང་ལས་སོགས་ཀྱི་ལམ་ཁར་ཞུགས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་བཅིངས་པའི་བརྩེ་བ་ནི་ནམ་ཡང་འགྱུར་མ་མྱོང་ལ།   ནང་བསྟན་ཆོས་ལུགས་ལ་བཟུང་བའི་དད་འདུན་དེ་བས་ཀྱང་འགྱུར་མ་མྱོང་བས།  དགོན་སྡེ་ཁག་དང་དགེ་འདུན་འདུས་པ་རྒྱ་མཚོར་མཆོད་འབུལ་བསྙེན་བཀུར་གྱི་ཐེབས་སུ་སྔ་ཕྱིར་སྒོར་ཁྲི་༣༠ སུམ་ཅུ་ལྷག་གཏོང་མྱོང་བ་དང་།  ས་གནས་རི་འཕྱོར་སྡེ་བའི་དཀའ་ཁག་ཅན་གྱི་ཨ་ནེ་རྒན་མོ་བདག་མེད་ཅིག་ལ་སྡོད་ཁང་དང་འཚོ་བའི་མཐུན་རྐྱེན་ཆ་ཚང་སྦྱར་བ།  
       ཨ་ཚོགས་བློ་བཟང་ཆོས་འཁོར་སློབ་གླིང་དུ་དམངས་སྒོར་༣༥༠༠༠ སུམ་ཁྲི་ལྔ་སྟོང་གི་ཞལ་འདེབས་ཕུལ་བ་དང་།      ཐེངས་འདིར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་གསར་བཟོའི་མཐུན་རྐྱེན་དུ་ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ་དམངས་སྒོར་ཁྲི་གཉིས་ཀྱི་ཞལ་འདེབས་གནང་བ་སོགས།  མདོར་ན།   སྤྱི་ཚོགས་ཁྲོད་ཀྱི་དཀའ་ཁག་ཅན་དང་མེས་པོའི་ཤུལ་བཞག་རིག་གནས་ལ་དགའ་ཞེན་དང་རང་ནུས་ཅི་ཡོད་ཀྱིས་ཞབས་འདེགས་ཞུས་དང་ཞུ་བཞིན་ཡོད་པར་མ་ཟད། མ་འོངས་པར་སྔར་ལས་རང་ནུས་ཅི་ཡོད་ཀྱིས་བོད་པའི་ཆོས་སྲིད་གཉིས་ལ་གང་ཅིའི་ཐད་ཞབས་འདེགས་ཞུ་འདོད་ཡོད་ཟེར།
ཁོས་བཤད་རྒྱུར།  
      བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་འཇིགས་མེད་རྒྱལ་མཚན་ཚང་ལ་དངོས་སུ་མཇལ་བའི་གོ་སྐབས་བྱུང་མ་བྱུང་མོད།  ཁོང་གི་མཛད་འཕྲིན་སྔར་ནས་ཐོས་མྱོང་བར་མ་ཟད། ཟེར་སྡེར་སོགས་ལས་ཐོས་པའི་གསུང་བཤད་རེ་རེ་ཡིས་རང་གི་ཡིད་དྲངས་ཤིང་དད་གུས་དང་དུངས་པ་བླ་མེད་ཅིག་སྐྱེས་མྱོང་།  དེ་བས་བདག་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲྭ་ཚིགས་གསར་བཟོའི་ཐད་ཞལ་འདེབས་ཉུང་ཙམ་འབུལ་ཐུབ་པ་འདི་ནི་བདག་གི་བསོད་ནམས་ཡིན་པས་གཞན་སུ་གང་ལའང་དྲིལ་བསྒྲགས་བྱ་འདོད་ཀྱི་རེ་བ་གཏན་ནས་མེད་ཟེར།  
       དེ་བས་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་ཁོའི་ལྷག་བསམ་དང་རྒྱབ་སྐྱོར་ལ་ཆེད་དུ་བཀའ་དྲིན་ཆེ་ཞུས་པ་ཡིན།   ༢༠༡༤ ལོའི་སྤྱ་ཟླ ༡༠ བའི་ཚེས་ ༡༥ ཉིན། 

ངོ་སྤྲོད་པ། བན་ཤུལ་འཇམ་དབྱངས་ཡེ་ཤེས།  


རྩོམ་སྒྲིག་འགན་འཁུར་བ།    མགར་རྩེ་ཉི་ཟེར།   འབའ་སྣང་གྲོལ།    ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-31 ལྟ་ཀློག (4270)