དཔའ་ལུང་བ་དང་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གླིང་།

         ༄༅། །དཔའ་ལུང་བ་དང་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གླིང་།

        དེ་ཡང་མཚོ་སྔོན་ཤར་རྒྱུད་དུ་གནས་པའི་དཔའ་ལུང་སྟེ་བ་ཡན་རྫོང་གླེང་ཚེ། མི་རྣམས་ཀྱི་སེམས་སུ་དེ་ནི་བོད་མི་དང་འབྲེལ་ཐག་ཧ་ཅང་རིང་བའི་ཧོས་རིགས་འདུས་སྡོད་ཀྱི་ས་ཆ་ཞིག་འཆར་སྲིད་མོད། དོན་དངོས་སུ ། ས་འདིར་ད་རུང་བོད་མི་མང་བོ་ཞིག་འཚོ་སྡོད་བྱས་ཡོད་པར་མ་ཟད། ཁོ་ཚོའི་ཡུལ་སྲོལ་གོམས་གཤིས་དང་དད་མོས། སྐད་ཆ་སོགས་ནི་བོད་ཀྱི་ས་ཁུལ་གཞན་དག་དང་ཁྱད་པར་མི་འདུག    དཔའ་ལུང་རྫོང་ནི་གནའ་དུས་ཀྱི་ཡིག་རྙིང་རྣམས་སུ་བ་ཡན་ཚོ་འདུས་སུ་གྲགས་པ་དེ་ཡིན་ཞིང་།    ཡུལ་འདིའི་མི་རྣམས་ཀྱིས་བ་ཡན་རོང་གི་ས་ཆར་འབོད།   རང་རེའི་ལོ་རྒྱུས་ལྟར་ན།   སྤྱི་ལོ་༧༧༩ལོར་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྟག་སྒྲ་ཀླུ་བཙན་གོང་མར་མངགས་ཏེ་ས་གནས་སྟོབས་ཤུགས་པ་ཏ་ཧོར་བཏུལ་རྗེས། དམག་དཔོན་དགུ་དཔུང་དང་བཅས་ཧོར་བོད་འབྲེལ་མཚམས་སྲུང་བར་མངགས་པ་དང་།   ཕྱིས་སུ་ཁོ་ཚོ་གནས་དེ་ནས་ཞིང་ལས་གཉེར་བཞིན་གཏན་སྡོད་བྱས་པ་ནི་ད་ལྟའི་བ་ཡན་གྱི་མེས་པོ་དག་རེད།   སྤྱི་ལོ་དུས་རབས་དགུ་བའི་དུས་དཀྱིལ་དུ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པས་གཙང་རབ་གསལ་སོགས་མཁས་པ་མི་གསུམ་མཚོ་སྔོན་གྱི་དཔའ་ལུང་ས་ཆ་འདིར་བྲོས་བྱོལ་བྱས།   སྐབས་དེར་བླ་ཆེན་དགོངས་པ་རབ་གསལ་ཉིད་དཔའ་ལུང་དན་ཏིག་དགོན་དུ་རབ་ཏུ་བྱུང་ཞིང་།    ཕྱིས་སུ་ཁོང་གི་སློབ་བུ་ཀླུ་མེ་ཚུལ་ཁྲིམས་ཤེས་རབ་སོགས་མི་བཅུ་སྔ་གཞུག་ཏུ་དབུས་སུ་བྱོན་ནས་ཆོས་ལུགས་རྒྱ་ཆེར་སྤེལ་ཏེ་བསྟན་པ་ཡང་དར་གྱི་སྲོག་ཤིང་དུ་གྱུར།   འདི་ནི་ལོ་རྒྱུས་སུ་གྲགས་པའི་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པ་དེ་རེད།   མདོར་ན་དཔའ་ལུང་ས་ཆ་ནི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་དམ་པོ་ཡོད་པའི་གནས་འགངས་ཆེན་ཞིག་རེད།

      ད་ལྟའི་དཔའ་ལུང་གི་བོད་རིགས་མི་གྲངས་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཉུང་ཞིང་ཐར་ཐོར་དུ་གནས་ཡོད་པར་མ་ཟད།    སྤྱིའི་དཔལ་འབྱོར་ཞན་ལ་བོད་ཡིག་ཁྲིད་བཞིན་པའི་སློབ་གྲྭ་ནི་ཉིན་མོའི་སྐར་མ་ཇི་བཞིན་དཀོན་ཞིང་།    ལྷག་པར་དུ་དཔའ་ལུང་རྫོང་གི་ལྷོ་ནུབ་ཕྱོགས་སུ་གཏོགས་པའི་དཔའ་ལུང་ཁ་སྒང་རྒྱུད་དུ་འབོད་པའི་ས་ཆ་འདིར་སྔོན་ཁ་སྒང་དུམ་བུ་བརྒྱད་ཅུ་ཞེས་ཟེར་མོད།   ཕྱིས་སུ་རྒྱུ་རྐྱེན་གང་མང་མང་གི་དབང་གིས་སྐོར་ཞིག་ད་ལྟའི་མཚོ་ལྷོ་དང་མཚོ་ནུབ།   རྨ་ལྷོ་དང་མགོ་ལོག་སོགས་སུ་གནས་སྤར་ཞིང་ད་ལྟ་ས་འདིའི་མི་གྲངས་ཆེས་མང་བའི་མི་རིགས་ཧོས་རིགས་སུ་གྱུར་ཡོད།   མི་རིགས་ཤིག་གི་ཉམས་དམས་དེ་རིག་གནས་ཉམས་རྒུད་ནས་མགོ་བརྩམས་པ་ཡིན་པས།    ང་ཚོས་ཁ་སྒང་ས་ཁུལ་གྱི་སློབ་གསོའི་ལོ་རྒྱུས་ཀློག་ཚེ་ངོ་མ་ཡ་ང་བ་ཞིག་རེད།

        གནད་དོན་འདི་ལ་དམིགས་ཏེ་གྲྭ་བཙུན་ཤེས་རབ་རྒྱ་མཚོས་དཀའ་བ་བརྒྱ་ཕྲག་བརྒྱུད་དེ་ས་འདིར་སྒེར་གཉེར་སློབ་གྲྭ་ཞིག་བཙུགས།   ཁོང་ནི་སྔ་ཕྱིར་ཨོ་སོ་དགོན་དང་དྷི་ཚ། གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་སོགས་སུ་སློབ་གཉེར་བྱས་ཤིང་སློབ་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་ལ་ལོག་ནས་མི་རབས་རྗེས་མར་སློབ་སྦྱོང་གི་གོ་སྐབས་ཤིག་བསྐྲུན་རྒྱུའི་ཆོད་སེམས་ཀྱིས་ལོ་འགའི་རིང་ཕྱོགས་སོ་སོར་སོང་ནས་མ་དངུལ་འཚོལ་ངསྡུ་དང་དཀའ་ཁག་མང་བོ་བརྒྱུད་ནས། མཐར་རྫོང་སློབ་གསོ་ཅུའུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་ཆོག་མཆན་གནང་བ་དང་ཤེས་རིག་ནོར་བུའི་གླིང་གི་སློབ་དཔོན་རྣམ་གསུམ་གཙོ་བྱས་ཏེ་བསམ་བློ་བ་དང་འབྱོར་ལྡན་པ་མང་བོ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་བ་ཡན་རྫོང་གི་ལྷོ་ཕྱོགས་ཀྱི་སྤྱི་ལེ་བཞི་བཅུ་ཡས་མས་ཀྱི་མཚམས་སུ་ད་ཡོད་སློབ་གྲྭ་སྟེ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་ཐོག་མའི་འཛུགས་སྐྲུན་གྱི་རྨང་གཞི་བཏང་ཞིང་། སྤྱི་ལོ་༢༠༠༥ལོའི་ཧོར་ཟླ་༡༠བའི་ཚེས་༡༣ཉིན་དངོས་སུ་དབུ་བརྙེས། ད་ལྟའི་བར་དུ་ཀྱག་ཀྱོག་དང་འགག་འཕྲང་དུ་མར་བརྒལ་བའི་བཤུལ་ལམ་ན་ནམ་ཡང་གསུབ་ཏུ་མེད་པ་ནི་སྐབས་དྲུག་གི་མཐར་ཕྱིན་སློབ་མ་དག་བདེ་ལེགས་ངང་ལོ་དགུའི་འགན་བབས་སློབ་གསོ་མྱོང་དུ་འཇུག་ཐུབ་སོང་བ་དེ་ནི་སློབ་གླིང་འདིའི་ཚད་གཞི་གཙོ་ཤོས་སུ་གྱུར་ཡོད་པ་དེའོ།།

 

༄༅།། གྲྭ་རྐྱང་དཀྱུས་མ་ཞིག་གི་སྙིང་སྟོབས་དང་ལྷག་བསམ།

          གངས་ལྗོང་མུན་སེལ་སྣང་བྱིན་སློབ་གྲྭའི་བྱེད་པོ་ཤེས་རབ་རྒྱ་མཚོ་མཆོག་ནི་སྤྱི་ལོ༡༩༦༧ལོར་བ་ཡན་རྫོང་ཡ་རོང་སྡེ་བར་འཁྲུངས་ཤིང་། དགུང་ལོ་བཅུ་གསུམ་སྟེང་ཞྭ་སེར་བསྟན་པའི་རིང་ལུགས་འཛིན་པའི་ཨོ་སོ་དགོན་པར་རབ་ཏུ་བྱུང་སྟེ་ཆོ་ག་ཆོས་སྤྱོད་དང་འདོན་རྟ་དབྱངས་སོགས་ལ་སྦྱང་བ་བྱས། སྤྱི་ལོ༡༩༩༦ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་ཏེ་ལོ་ལྔའི་རིང་སྦྱང་བྱ་སྣ་ཚོགས་ལ་འབད་པ་བྱས་ཏེ་སྤྱི་ལོ༢༠༠༢ལོར་སློབ་མཐར་ཕྱིན། སླར་ཕ་ཡུལ་དུ་ལོག་སྟེ་ཕ་ཡུལ་གྱི་ཉམས་རྒུད་ཐུགས་ཀྱིས་མ་བཟོད་པར་ཞིང་ཆེན་རིམ་པར་ཡར་ཞུ་བྱས་པའི་ཆོག་མཆན་བརྒྱུད་ནས་༢༠༠༥ལོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་ཐོག་མ་སྟེ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་གསར་འཛུགས་གནང་། དེ་མིན་རང་སློབ་གྲྭར་རང་ཁ་རང་གསོའི་ཆེད་དམ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་མ་དངུལ་བརྟན་འཇགས་ཡོང་བ་དང་དབུལ་སྐྱོར་སློབ་མའི་འཚོ་བར་ཅི་ནུས་ཀྱིས་མཐུན་རྐྱེན་སྦྱོར་ཆེད་ལ་གྲྭ་བཙུན་ཤེས་རབ་རྒྱ་མཚོ་ཁོང་གིས་འབད་འབུང་བརྒྱ་ཕྲག་གིས་བོད་ཡུལ་ན་སྔ་ན་མེད་པའི་གངས་ལྗོངས་དགའ་ཡ་རྟགས་ཅན་གྱི་བོད་ལྭ་གྱོན་ཆས་ཚད་ཡོད་ཀུང་སི་མཐུན་གཉེར་ཁང་ཞེས་པ་སྤྱི་ལོ་༢༠༡༠ལོར་ཞིང་ཆེན་རིམ་པའི་ཆོག་མཆན་ཐོབ་པ་བརྒྱུད་ནས་ཤ་བོ་འགག་ཆུ་གློག་ས་ཚིགས་ཀྱི་ཉེ་འགྲམ་དུ་གསར་དུ་བཙུགས། ད་སྔ་བར་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ནི་རང་ས་གནས་ཀྱི་རྒྱ་བོད་ཧོས་སོགས་གང་ཡིན་གྱིས་བསྟོད་པའི་མཐེ་བོང་སྒྲེང་བའི་ཡུལ་དུ་གྱུར་བར་མ་ཟད། སྤྱི་ལོ༢༠༡༤ལོར་ཁོང་མཚོ་སྔོན་གྱི་སེམས་འགུལ་ཐེབས་པའི་མི་སྣ་བཅུའི་གྲས་སུ་བདམས་ཐོན་བྱུང་ཡོད་ལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་སྐབས་དང་བོའི་སྲིད་གྲོས་ཚོགས་མི་དང་རྒྱུན་ལས་སྲིད་གྲོས་མི་སྣ་བཅས་ཡིན། མདོར་ན་ཁོང་ཉིད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་གཙོ་དང་། གངས་ལྗོངས་དགའ་ཡ་བཟོ་གྲྭའི་འགོ་གཙོ། མཚོ་ཤར་གྲོང་ཁྱེར་གྱི་རྒྱུན་ལས་སྲིད་གྲོས་ཨུ་ཡོན་སོགས་བྱ་བཞག་གིས་གྲོང་ཁྱེར་དང་རྫོང་སོགས་ནས་བྱ་དགའ་ཆེ་ཕྲ་དུ་ཐེངས་དུ་མ་ཐོབ་མྱོང་།


  ༄༅།།སྤོབས་པའི་ཟིལ་ཤུགས་དང་མ་འོངས་འཆར་གཞི།

      ༢༠༡༤་ལོར་སློབ་གྲྭའི་དཀའ་ངལ་མཐའ་དག་བརྒྱུད་པའི་ཉམས་མྱོང་ཕྱོགས་སྡོམ་དང་གནད་དོན་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ་འགྲིམ་འགྲུལ་གྱི་དཀའ་ངལ་དང་ཆུ་གློག་གི་དཀའ་ངལ། སློབ་ཁང་དང་སློབ་མའི་མལ་ཁང་གི་དཀའ་ངལ་སོགས་ཀྱི་དབང་གིས་སློབ་གཙོ་ཤེས་རབ་རྒྱ་མཚོ་ཁོང་གིས་གོང་རིམ་པར་ཡར་ཞུ་བྱས་ཏེ་ཆོག་མཆན་ཐོབ་པར་བརྟེན་སློབ་གྲྭ་གནས་སྤོར་གྱི་བྱ་བ་འགན་ལེན་བགྱིས་ཏེ་སྔར་བས་མིག་རྒྱ་ཆེས་ཆེར་བསྐྱེད་ནས་ཕྱི་ནང་གི་ཁོར་ཡུག་མཐུས་ཚང་གཏོང་ཆེད་དགེ་རྒན་དང་སློབ་མའི་དཔུང་སྡེ་ཇེ་མང་དུ་བཏང་།   ཁྱིམ་བདག་ཚོའི་རེ་འདུན་དང་བླངས་སྒོས་སློབ་རིམ་གྱི་ཚད་གཞི་སྔར་ཡོད་སློབ་ཆུང་གི་རིམ་པ་དེ་ད་ལྟ་དམའ་འབྲིང་གི་ཚད་གཞི་ལ་བསྒྱུར་བར་འབད་བརྩོན་་དང་། མ་འོངས་པར་སློབ་གྲྭ་མཐོ་འབྲིང་རིམ་པ་ཅན་དང་སློབ་མའི་ཁ་གྲངས་ལྔ་བརྒྱ་ལ་ཉེ་བ་བསྡུ་བའི་འཆར་གཞི་དང་རེ་བར་གངས་ལྗོངས་དགའ་ཡ་བཟོ་གྲྭས་མ་དངུལ་གྱི་མཐུན་རྐྱེན་ཡོངས་སུ་སྦྱར་བ་ལ་བརྟེན་ནས་ད་ལོ་ནས་ལས་མགོ་དངོས་སུ་བཙུགསཏེ་སང་ལོའི་ལོ་མཇུག་ལ་སློབ་རྭ་གསར་བ་ནས་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གླིང་གིས་སྔར་བཞིན་སློབ་གསར་ནས་འཚོག་རྒྱུའི་ཆོད་སེམས་དང་རེ་འདུན་ཡོད་པར་མ་ཟད། སྔར་བས་ཀྱང་སློབ་གསོའི་རྩ་དོན་དང་དུས་ཚོད་ཀྱི་བར་ཐག་ཇེ་ཉེར་གཏོང་བའི་བྱེད་ཐབས་སྣ་མང་བེད་སྤྱད་དེ་སྲོལ་རྒྱུན་རྒྱུན་འཛིན་དང་དུས་རབས་ཀྱི་དགོས་མཁོའི་ཆེད་དུ་དེང་རབས་ཤེས་བྱ་སྣ་མང་ནང་འདྲེན་བྱས་ཏེ་ཡུལ་དཔའ་ལུང་ཁ་སྒང་གི་ཁོར་ཡུག་གཙོར་དམིགས་ཏེ་སྒེར་སྒྲུབ་སློབ་གྲྭ་ཞིག་གི་ཁྱད་ཆོས་འབུར་དུ་ཐོན་པའི་དམིགས་ཡུལ་ཟབ་མོ་དང་བཅས་སྒོ་ཀུན་ནས་མི་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བཞིན་པའི་གནས་ཚུལ་འདི་ཀ་ལགས་སོ། །


༄༅།སློབ་གྲྭའི་མིག་སྔའི་གནས་ཚུལ།

         ད་ལྟ་སློབ་གྲྭའི་ནང་དུ་གཏན་སྡོད་དགེ་རྒན་དང་ལས་བཟོ་བ་བཅུ་ལྷག་དང་སློབ་མ་བརྒྱ་དང་བཞི་བཅུ་ལྷག་ཡོད། མཛོད་ཁང་དང་གཞུང་ལས་ཁང་། དཔེ་གཟིགས་ཁང་དང་ཚོགས་ཁང་བཅས་སོ་སོར་ཡོད། སྦྱང་བྱའི་རྣམ་གྲངས་ལ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་བསྡུས་གྲྭ། རྩིས་རིག ཤེས་རིག་འགྲན་གླེང་དང་རྩོད་པ་རྩོད་ལན། རི་མོ་འབྲི་སྦྱོང་། རིག་རྩལ་འཁྲབ་སྟོན་བཅས་ཡོད་ལ། རྩ་འཛུགས་ཁག་གི་རིམ་པ་ལ་དགེ་རྒན་གྱི་དཔུང་སྡེ་དང་སློབ་བུ་ཚོགས་པ། བདེ་སྲུང་ཚོགས་པ་དང་སྤྱི་གཉེར་ཚོགས་པ། རིག་རྩལ་ཚོགས་པ་བཅས་ཁག་ལྔར་བཀར་ཡོད།

        སློབ་མའི་ཁྱིམ་བདག་ཚོ་དང་ས་གནས་རང་བཞིན་གྱི་མང་ཚོགས་དག་གི་རེ་འདོད་ལྟར་མི་རིགས་དང་དད་མོས། ས་ཆ་དང་ཕོ་མོ་ལ་དབྱེ་བ་མེད་པར་ལོ་བདུན་གྱི་ཡན་དང་ལོ་ཉེར་ལྔའི་མན་གྱི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གཙོས་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་སྦྱོང་འདོད་ཡོད་པའི་སློབ་མ་བསྡུས་དང་བསྡུ་བཞིན་ཡོད་ལ། སློབ་ཡོན་དང་ཟས་རིན་སྐར་གཅིག་ཀྱང་སྟེར་མི་དགོས་པ་དང་ལྷག་པར་དུ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་སློབ་མ་ཡིན་ན་འཚོ་བ་དང་དཔེ་རིན་སོགས་ཀྱི་ཐད་ལ་སྒོར་གཅིག་ཀྱང་མི་ལེན་པར་བསྡུ་ལེན་བྱེད་ཀྱིན་ཡོད། སློབ་གྲྭ་འདི་ནི་སྒེར་བཙུགས་ཤིག་ཡིན་པས་མ་དངུལ་གྱི་ཡོང་ཁུངས་ཞན་པ་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་ཡང་ཞན་སྟབས་དཀའ་ཁག་གི་བརྒྱུད་རིམ་མང་བོ་ཞིག་ད་དུང་འགྲིམ་དགོས་མོད།     མི་རིགས་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཆེད་དགེ་སློབ་གཉིས་ཀ་དང་ལས་བཟོ་བ་ཡོངས་ཀྱིས་དུས་རབས་གསར་བའི་ལམ་ཁར་ཞུམ་པ་མེད་པའི་མདུན་སྐྱོད་དང་སྤོབས་པས་ཁེངས་ཡོད།

       དེ་མིན་སྐབས་དང་བོའི་མཐར་ཕྱིན་སློབ་མ་འབྲིང་རྒྱུགས་ལ་ཞུགས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་བརྒྱུད་ལོ་རེ་བཞིན་འབྲིང་རྒྱུགས་ལ་ཞུགས་ནས་མཐོ་འབྲིང་འགྲིམ་པའི་གོ་སྐབས་ཀྱང་བདེ་བླགས་ངང་ཐོབ། ལོ་རེ་རེར་རྒྱུགས་འཕྲོད་ཚད་༩༠%ཡན་ལ་སླེབས། ༢༠༡༠ལོ་ནས་བཟུང་གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་ཚད་ཡོད་མཐུན་གཉེར་ཁང་བཙུགས་པ་ལ་བརྟེན་ནས་སློབ་གྲྭ་རང་གིས་ལོ་རེའི་མཐར་ཕྱིན་སློབ་མ་མཐོ་འབྲིང་མཐར་ཕྱིན་ནས་མཐོ་རྒྱུགས་ལ་དངོས་སུ་རྒྱུགས་འཕྲོད་པའི་སློབ་ཆེན་སློབ་མར་གྱུར་ན་དམིགས་བསལ་གྱིས་སློབ་ཡོན་མཁོ་སྤྲོད་བྱེད་པ་ལས་གཞན་སློབ་སྦྱོང་ཨང་དང་བོ་དང་གཉིས་པ་གསུམ་པ་བཅས་གང་ཐོབ་ལ་བྱ་དགའ་སྟོང་གསུམ་ཡན་སྟེར་རྒྱུ་གཏན་ཁེལ་བྱས། འདི་ནི་སློབ་གྲྭ་འདིའི་མི་རིགས་ལ་ཕུལ་བའི་སྲི་ཞུ་སྒྲུབ་སྟངས་ཤིག་དང་དེང་གི་སྤྱི་ཚོགས་ལམ་ལུགས་ཀྱི་འགྲོས་དང་བསྟུན་མི་ཆོས་རིང་ལུགས་ཀྱི་སློབ་གསོར་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་ཡང་དག་ཅིག་ཡིན་ནོ། །


རྩོམ་སྒྲིག་པ།:   ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2015-03-31 ལྟ་ཀློག (13148)