
ནང་བསྟན་ཤེས་རིག་གི་དུས་རབས།
ལྡོང་ཡོན་ཏན་རྒྱ་མཚོ།
ལྟར་སྣང་རིགས་ལམ་འབུམ་གྱིས་མཚོན་མིན་དཔྱད་གསུམ་ཚད་མར་ལྷུན་གྲུབ་པའི།།
རྟེན་འབྱུང་སྟོང་བ་རིགས་པའི་རྒྱལ་བོ་དེ་གསུང་ཤཱཀྱ་སེང་གེས་བརྩོན།།
མ་ལུས་ཤེས་བྱའོ་བདེན་གཉིས་གསལ་མཛད་རྒྱ་བོད་པཎ་གྲུབ་ཇི་རྙེད་པར།།
ཤེས་ནས་དད་པའི་རེ་ཁཱ་ཟབ་མོ་འཕར་ལྡིང་སེམས་དང་དབྱེར་མེད་འདྲེས།།
རྡུལ་ཕྲན་མཚོན་རྣོན་ཐོལ་གྱིས་འཕུར་བས་ཁྲི་འབུམ་སྐྱེ་བོ་ཧུབ་ཀྱིས་བཞེས།།
རང་བྱུང་འཛིན་མའི་དོན་སྙིང་བཀྲུས་པས་ཟླུམ་གཟུགས་གོ་ལར་འཇིགས་སྣང་སྟེར།།
སྣ་ཚོགས་དུག་རྫས་གཏེར་དུ་སྤུངས་པས་སྐྱེ་དགུར་བྲེད་ཤ་སློང་དུས་འདིར།།
མཐར་ཐུག་ཞི་བདེའི་ཕྱྭ་གཡང་འབོད་པའི་ནང་བསྟན་ཤེས་རིག་ཇི་འདྲའི་མཁོ།།
ཟླ་བའི་གོ་ལར་ལན་བརྒྱར་བསྐོར་བས་སླ་གཟུགས་ཙམ་གྱི་གསང་བ་རྙེད།།
རི་ཆུ་འབུམ་ཕྲག་འཕྲུལ་གྱིས་དཀྲུགས་ཏེ་རང་བྱུང་ཆེན་པོ་གཤེད་དུ་ལངས།།
འདོད་ཡོན་རླབས་ཕྲེང་འཕྱུར་བའི་རྩེ་ནས་བདེ་སྐྱིད་མེ་ཏོག་གཞོམ་པའི་ཚེ།།
བདེ་སྡུག་རྩ་བ་སེམས་སུ་འཆད་པའི་ནང་བསྟན་ཤེས་རིག་དབུ་འཕང་མཐོ།།
རྩ་ཆེན་རི་སྐྱེས་རྙི་ཡིས་བཀུམས་ཤིང་ཚང་ཚིང་ནགས་མའི་དབུ་ལོ་བྲེགས།།
བདེ་དགེ་མ་ལུས་བདག་གིར་སྨོན་ཞིང་རྫུན་དང་ཕྲ་མའི་དཔུང་ཁ་འགྲན།།
ལུས་བསྐྱེད་ཕ་མ་རྒྱང་དུ་བོར་ནས་གཅེར་བུར་སྟངས་སྟབས་སྒྱུར་བའི་སྐབས།།
དགེ་བཅུའི་ཁྲིམས་ཀྱི་སྡེབ་སྦྱོར་ཚང་པའི་ནང་བསྟན་ཤེས་རིག་སྨན་གྱི་ཕུལ།།
ཕན་ཚུན་ཕྲག་དོག་མེ་དཔུང་མཆེད་པས་ལྷིང་འཇགས་འཚོ་བའི་རྨང་རྩ་མཁྲེགས།།
ཁེངས་དྲེགས་རི་གསུམ་རྩེ་རུ་འགྱིང་སྟེ་མཐུན་སྒྲིལ་གསེར་གྱི་ཟམ་པ་བརྗེད།།
ཁོང་ཁྲོའི་རུ་མཚོན་བསྟར་ཕྲེང་བསྒྲིགས་ནས་ཁྲག་གི་ལྟེང་ཀ་བསྐྱིལ་དུས་སུ།།
དབུགས་ཐོགས་སྐྱེ་འགྲོ་མ་རུ་ཤེས་པའི་ནང་བསྟན་ཤེས་རིག་སྐྱབས་ཀྱི་གཙོ།།
གོ་ལའི་ནུབ་རྒྱུད་དཔལ་འབྱོར་དར་དྲགས་སེམས་ཀྱི་གསང་གནད་འཚོལ་ལ་ཕྱོགས།།
གསོ་རིག་ཆེད་མཁས་སྐྱེ་དངོས་པ་སོགས་ཀླད་ཆེན་རྣམ་ཤེས་དབྱེར་མེད་སྨྲ།།
རྒྱང་འཕེན་ལྟ་བའི་གཡང་དུ་ལྷུང་བར་གཞོམ་བྲལ་དྲི་མེད་རིགས་ལམ་གྱིས།།
འདི་ཕྱིར་ཉུལ་བའི་རྣམ་ཤེས་ཡོད་འཇོག་ནང་བསྟན་ཤེས་རིག་མུན་སེལ་སྒྲོན།།
སྐྱེས་སྦྱངས་བློ་དང་རྫས་འཕྲུལ་ཟུང་སྡེབ་ཚན་ཚན་རིག་པའི་རྒྱལ་བོ་དག།
མི་ཚེའི་རྡོག་དོན་དཔྱད་པས་ཟད་མཐར་ངོ་མཚར་རྟེན་འབྲེལ་རིགས་ལམ་རྙེད།།
གྲགས་པ་ས་ཁྱབ་སེམས་ཁམས་པ་འགས་གཉིད་འབེབ་སྲིད་པ་ཕྱིར་ཟློག་གིས།།
སྐྱེ་བ་སྔ་ཕྱི་ཡོད་ཙམ་རྟོགས་པས་ནང་བསྟན་ཤེས་རིག་ལྷག་པར་མཆོད།།
འདས་ཟིན་བྱུང་བར་ཕྱི་མིག་འཕངས་ན་གོད་ཆག་རྩ་བ་བདག་བདེར་ཐུག།
དེང་ཡང་འཛམ་གླིང་ཡོམ་ཡོམ་འགུལ་བ་དེད་ན་བདག་འཛིན་སྒེག་མོར་ཐུག།
བདག་གཞན་མཉམ་བརྗེའི་ཀློང་ལས་བལྟམས་པའི་ནང་བསྟན་ཤེས་རིག་ཉི་གཞོན་གྱིས།།
ཀུན་སྙོམས་བདེ་དྲོད་ཆད་མེད་སྩོལ་བས་དུས་རབས་གསར་བའི་ནོར་བུར་གྲུབ།།
འདི་སེམས་སྐད་ཅིག་ཐ་མའི་རྗེས་སུ་དེ་སེམས་སྐད་ཅིག་དང་བོ་ཞིག།
སྐྱེ་སེམས་སྐད་ཅིག་དང་བོའི་སྔོན་དུ་འཆི་སེམས་སྐད་ཅིག་ཐ་མ་ཞིག།
ཇི་སྲིད་ལས་ཉོན་སྒྲིབ་པ་མ་སྤངས་དེ་སྲིད་མི་བཟད་སྡུག་བསྔལ་ཞིག།
ང་ཁྱོད་ཁོ་བཅས་འདི་ལས་གྲོལ་བར་ནང་བསྟན་ཤེས་རིག་གྲུ་གཟིངས་གཅེས།།
ཡར་ཚེས་ཟླ་བའི་དཔལ་ལས་འགོངས་པའི་རིག་གསར་འདི་འདྲ་རྒྱས་གྱུར་ཀྱང་།།
བཅོས་མེད་ནད་དག་གང་གི་རྐྱེན་ཞེས་རིགས་སྨྲ་འབུམ་ཕྲག་བགྲོས་པའི་ཚེ།།
སྔོན་མ་སྔོན་མའི་ལས་ལས་གཞན་དུ་སྨྲ་བའི་ལྗགས་རྩེ་ཐུང་བར་འདུག།
ལས་འབྲས་བསླུ་མེད་གཙོ་བོར་སྟོན་པའི་ནང་བསྟན་ཤེས་རིག་ཚན་རིག་དངོས།།
དྲིན་ལྡན་མི་ལ་དྲིན་ལན་འཇལ་བ་ཡ་རབས་ཚུལ་མཐུན་སྤྱི་ཡི་གཤིས།།
མེས་རྒྱལ་མི་རིགས་གོང་དུ་སྤེལ་པར་ཤེས་རིག་སློབ་གསོ་རྨང་གཞི་་ཉིད།།
དྲིན་སོགས་རྒྱུ་འབྲས་མན་ངག་བདུན་པོ་སྐྱེས་བུ་ཆེན་པོའི་བསྒོམ་བྱ་དང་།།
ཆོས་ཉིད་བསྟན་པས་འགྲོ་ཀུན་སྐྱོངས་སྨྲ་ནང་བསྟན་ཤེས་རིག་སློབ་གསོ་དངོས།།
གློག་གི་མི་ཆུང་གཡོག་ཏུ་བཀོལ་ཏེ་ཞིང་འདེབས་ནགས་འཛུགས་ཟས་གཡོ་དང་།།
མ་མཐོང་སྒྱུ་རྩལ་སྣ་ཚོགས་སྟོན་ཅིང་གོ་ལ་གཞན་པར་བསྙོན་འཛུགས་མོད།།
ཤེས་ནས་སྨྲ་རྣམས་མགྲིན་གཟེངས་མཐོན་པོས་འདི་ན་ངོ་མཚར་ལྟད་མོ་ཞེས།།
ཉིན་མཚན་དབྱེར་མེད་བརྩོན་པས་འཇུག་ཡུལ་ནང་བསྟན་ཤེས་རིག་གཏན་གྱི་ནོར།།
རིག་གསར་སྨྲ་བ་ཕལ་བས་དཔོག་མིན་དངོས་རྣམས་རྡུལ་ཕྲན་ལ་གནས་ཤིང་།།
དེ་ཡང་མང་དབྱེ་བར་མཚམས་ཆོད་ཅིང་ཚུགས་མེད་སྨྲ་བ་ཁ་ཅིག་ལ།།
ཚན་རིག་རྒྱལ་བོའི་ཆོ་ལོ་ཐོབ་ཀྱང་སུམ་སྟོང་ལོ་ཡི་ཡར་སྔོན་ནས།།
དཔྱད་གསུམ་དག་པའི་འཕྲུལ་གྱིས་བསྒྲུབས་ཟིན་ནང་བསྟན་ཤེས་རིག་དགོངས་པར་ཐུག །
ཕྲ་མཐོང་ཆུ་ཤེལ་ཁྲི་སྟོང་སྤྱད་པས་ཕྲ་རྡུལ་འཕོ་འགྱུར་ཕྱོགས་ཙམ་མཐོང་།།
ས་སྒང་རིལ་མོར་གས་སྲུབ་ཤོར་བས་སྐྱེ་འཇིག་རགས་པའི་སྣང་ཚུལ་རྙེད།།
བདེ་སྡུག་རླབས་རིས་ཐོད་དུ་སྤུངས་པས་འཁོར་བའི་རང་གཤིས་གསལ་བའི་སྐབས།།
བཀར་བཏགས་ཕྱག་བརྒྱ་སྲོག་ཏུ་འཕོས་པའི་ནང་བསྟན་ཤེས་རིག་ཨེ་མ་ཧོ།།
རྨོངས་དད་གཅོང་རོང་གུད་དུ་མ་ལྷུང་མངོན་རྗེས་ཚད་མའི་སྣང་བར་བརྟེན།།
ལོག་རྟོག་འཕྱོར་མོའི་འཛུམ་ལ་མ་ཆགས་དངོས་དོན་བྲག་རིའི་རྩེ་མོར་འཛེགས།།
ལྟར་སྣང་ལྟ་བའི་གཡོ་འོག་མ་ཚུད་ཡང་དག་རིགས་པས་དཔྱད་ཤེས་ན།།
ནང་བསྟན་ཤེས་རིག་འཛིན་སྐྱོང་སྤེལ་བར་དུས་རབས་འདི་ཉིད་མཆོག་ཅེས་གྲགས།།
སྨྲ་ཤེས་རྐང་གཉིས་དུང་ཕྱུར་བདུན་ཅུས་གཅིག་ཏུ་སྨོན་པ་ཞི་བདེའི་དཔལ།།
ནང་བསྟན་ཤེས་རིག་ལྷུན་པོའི་རང་བཞིན་མི་ཤིགས་རྡོ་རྗེའི་གཤིས་སུ་གྲུབ།།
སྐུ་སྲོག་རིན་ཆེན་ཐད་དུ་བོར་བའི་སྔོན་བྱོན་པཎ་གྲུབ་བཀའ་དྲིན་ལ།།
རྒྱལ་བསྟན་གངྒཱ་རྫོགས་བར་འཛིན་ལ་གངས་ལྗོངས་ཆོལ་གསུམ་སྣོད་ཀྱི་མཆོག།
འཛིན་མའི་དཀྱིལ་འཁོར་བདེ་དགའི་འོད་ཀྱིས་སྙོམས་པོར་སྲུང་བའི་སྐྱ་རེངས་དང་།།
བྷོ་ཊའི་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་ཡར་ཟླར་འགྲན་པའི་དངོས་རྒྱུ་རུ།།
གྲུབ་མཐའ་མི་ཕྱེ་སྐྱ་སེར་རིས་མེད་བློ་ལྡན་སྐྱེ་བོ་གང་གིས་ཀྱང་།།
ནང་བསྟན་ཤེས་རིག་མཐའ་དག་སྦྱང་ངམ་ཆ་ཤས་ཙམ་ལའང་བརྩོན་པར་རིགས།།
གཏམ་འདི་སྤྲང་བོའི་འོ་དོད་མིན།།
རྨོངས་དད་བཙོན་གྱི་སྐྱབས་ཞུ་མིན།།
མཐར་ཐུག་རྫོགས་ལྡན་བསུ་ཕྱིར་དུ།།
སྙན་སྐུལ་རྒྱུད་དྲུག་དབྱངས་རྟ་ཙམ།།
སྤྱི་ལོ་༢༠༠༠ ༡༠ ༡༥ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནས་བྲིས།
གསར་འགོད་པ། རྒྱུ་ཐ་མཐོང་དགའ།
|