སྒྱུ་རྩལ་འཚོལ་སྙེག་གི་ལམ་ཁ།

  སྒྱུ་རྩལ་འཚོལ་སྙེག་གི་ལམ་ཁ།

གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུའི་མཐར་ཕྱིན་འཛིན་གྲྭ་དང་པོའི་སློབ་གྲོགས་ཨ་རིག་བསྟན་སྐྱོང་དང་རྭ་རྒྱ་རྟ་མགྲིན་སྐྱབས་གཉིས། ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ལྕགས་གླང་ལོའི་ལོ་སར་དགོང་ཚོགས་ཆེན་མོ༼ ལོ་ཡག་བཀྲ་ཤིས་རང་འགྲུབ ༽ཅེས་པའི་སྟེང་གདན་ཞུ་ཞུས་པ་བཞིན།
འཁྲབ་སྦྱོང་དང་སྟ་གོན་གྱི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། དོ་དགོང་དུས་ཚོད་བདུན་དང་ཕྱེད་ཀའི་སྟེང་ཨ་མདོ་བརྙན་འཕྲིན་གྱི་འཁྲབ་སྟོན་ཚོམས་ཆེན་ནས་དངོས་སུ་བརྙན་ཕབ་བྱ་རྒྱུ་ཡིན་པ་རེད།

འཁྲབ་སྟོན་ཡུལ་དངོས།


གཤམ་དུ་ཨ་རིག་བསྟན་སྐྱོང་དང་རྭ་རྒྱ་རྟ་མགྲིན་སྐྱབས་གཉིས་ཀྱི་ལས་རིགས་མཚམས་སྦྱོར་མདོར་བསྡུས།

     ཨ་རིག་བསྟན་སྐྱོང་དང་རྭ་རྒྱ་རྟ་མགྲིན་སྐྱབས་གཉིས་ནི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུའི་མཐར་ཕྱིན་སློབ་མ་ཡིན་ལ། ཁོ་གཉིས་ཀྱིས་སློབ་སྦྱོང་གི་ཞོར་དུ་མ་ཡུམ་སློབ་གྲྭའི་ཤེས་རིག་འགྲན་གླེང་གི་གར་སྟེགས་དང་། སློབ་གྲྭའི་འཁྲུངས་སྟོན་སོགས་ཀྱི་གར་སྟེགས་སོགས་བརྒྱུད་དེ་དགེ་སློབ་ཡོངས་ཀྱི་ཡིད་འཁུ་བའི་ཁ་ཤགས་གར་ཆུང་གྱ་ནོམ་པ་ཞིག་ཕུལ་མྱོང་ལ་དེ་ནས་བཟུང་སློབ་གྲྭའི་སྒྱུ་རྩལ་སྐར་ཆེན་དུ་གྱུར་འགོ་བརྩམས།  མ་ཟད་རྭ་རྒྱ་རྟ་མགྲིན་སྐྱབས་ཀྱིས་སློབ་སྦྱོང་གི་ཞོར་དུ<ན་ཆུང་བུ་མོའི་མིག་ཆུ>ཞེས་པའི་གློག་བརྙན་འདིའི་གཙོ་འཁྲབ་དང་འཁྲབ་གཞུང་གཉིས་ཀྱི་འགན་ཁུར་ཏེ་ཕབ་སྐྲུན་བྱས་པ་དང་། ཉིས་སྟོང་བཅུ་དྲུག་ལོར་ཁོ་གཉིས་ཀྱིས་མཉམ་དུ<ཕུགས་བསམ་གྱི་རྡོ་རིང>ཞེས་པའི་མཚར་གཏམ་གད་མོའི་རིག་རྩལ་སྤྲོ་ཚོགས་ཤིག་བསྡུས་པ་སོགས་ནི་མ་ཡུམ་སློབ་གྲྭར་ཕུལ་བའི་མཐར་ཕྱིན་གྱི་ལེགས་སྐྱེས་ཡིན་ལ། སྤྱི་ཚོགས་ཀྱི་གར་སྟེགས་ཆེ་མ་ཆུང་གསུམ་འགྲིམ་རྒྱུའི་བརྡ་རྟགས་ཤིག་ཀྱང་ཅི་ལ་མིན། ༢༠༡༦ལོའི་ཟླ་བདུན་པར་སློབ་མཐར་ཕྱིན་རྗེས་ཨ་རིག་བསྟན་སྐྱོང་དང་རྟ་མགྲིན་སྐྱབས་གཉིས་ཀྱིས་མགོ་རྟ་བྲག་དྭ་ཕྲུག་སློབ་གྲྭ་དང་རྩྭ་ཐང་བུ་མོའི་སློབ་གྲྭའི་དགེ་རྒན་གྱི་འགན་འཁུར་ཞོར། ས་གནས་རིམ་པ་དང་རྫོང་རིམ་པ། ཁུལ་རིམ་པའི་རིག་རྩལ་སྤྲོ་ཚོགས་དང་ལོ་སར་དགོང་ཚོགས་སོགས་གར་སྟེགས་ཆེ་མ་ཆུང་གསུམ་གྱི་སྟེང་དུ་གར་ཆུང་དང་ཁ་ཤགས་ཀྱི་སྒྱུ་རྩལ་བརྩམས་ཆོས་སུམ་བཅུ་ལྷག་སྐྱེས་སུ་ཕུལ་མྱོང་བར་མ་ཟད། ཁོ་གཉིས་ཀྱིས་གཙོ་འཁྲབ་བྱས་པའི༼འཁོར་བ༽ཞེས་པའང་ད་ལྟ་ཆེས་དགའ་བསུ་ཐོབ་པའི་གློག་བརྙན་བརྩམས་ཆོས་ཤིག་ཏུ་གྱུར་འདུག


ད་ལྟ་ཨ་རིག་བསྟན་སྐྱོང་གིས་རྨ་ཆེན་རྫོང་ཞིབ་དཔྱོད་ཁང་གི་གྲོས་གཞི་ལྟར་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བརྙན་ཐུང་མང་པོ་ཕབ་སྐྲུན་བྱས་དང་བྱེད་བཞིན་ཡོད་ཅིང་། སྤྲོ་བ་ཡོད་མཁན་ཚོས་རྨ་ཆེན་ཞིབ་དཔྱོད་ཀྱི་འཁྱུག་དབྱངས་དང་འཕྲིན་སྟེགས། དྲྭ་ཚིགས་སོགས་སུ་གཟིགས་ཞུ།


     དེ་བཞིན་རྭ་རྒྱ་རྟ་མགྲིན་སྐྱབས་ཀྱིས་རྭ་རྒྱ་གྲོང་བརྡལ་དུ༼གླིང་དཀར་དྭངས་རྩེ་གཙུག་ལག་རིག་གནས་དཔེ་ཤག༽ཅེས་པའི་ཤེས་རིག་དང་སྒྱུ་རྩལ་འཚོལ་སྙེག་ལ་མོས་མཁན་ཡོངས་ལ་རིན་མེད་དཔེ་གཟིགས་གནང་སའི་ཁོར་ཡུག་གྱ་ནོམ་པ་ཞིག་བསྐྲུན་ཡོད་ཅིང་། སྤྲོ་བ་ཡོད་མཁན་ཚོ་ཁོའི་དཔེ་ཤག་ཏུ་ཕེབས་ཏེ་བགྲོ་གླེང་སྣ་ཚོགས་བྱེད་པར་དགའ་བསུ་ཞུ་བཞིན་འདུག  དེ་བཞིན་སློབ་གྲོགས་འདི་གཉིས་ཀྱིས་སློབ་སྦྱོང་གི་ཞོར་དང་དགེ་རྒན་ལས་གནས་འཁུར་ཞོར་གང་ཡིན་ཡང་སྒྱུ་རྩལ་འཚོལ་སྙེག་གི་ལམ་བུ་འདིར་གོམ་ཁ་ལྷོད་མ་མྱོང་བས་མ་འོངས་པར་དེ་ལས་ལྷག་པའི་གར་སྟེགས་ཆེན་པོའི་སྟེང་དུ་སྒྱུ་རྩལ་གྱི་བརྩམས་ཆོས་བླ་ན་མེད་པ་ཞིག་ཡོངས་ཀྱི་སྤྱན་ལམ་དུ་དགྲམ་རྒྱུའི་རེ་བ་ཆེའོ། །

གསར་འགོད་པ། འཇམ་དབྱངས་ཆོས་འཕེལ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-12-18 ལྟ་ཀློག (5825)