བཀའ་དྲིན་མཐའ་མེད་ཀྱི་ཞང་བོ་དམ་པ།

བཀའ་དྲིན་མཐའ་མེད་ཀྱི་ཞང་བོ་དམ་པ།

ལྡོང་ཡོན་ཏན་རྒྱ་མཚོས།

   བདག་ལ་མི་ཚེ་འདིར་ཕ་མ་ལས་ཀྱང་ལྷག་པའི་ཞང་བོ་སྐུ་དྲིན་ཅན་གཉིས་ཡོད།ཁོང་གཉིས་ཀ་ཆུང་དུས་ནས་སྒོ་མང་དགོན་ཆེན་གྱི་ཚོགས་གྲལ་དུ་ཞུགས་པའི་དགེ་སློང་ཚད་ལྡན་གཉིས་རེད།དགེ་བཤེས་དང་མཁས་པ་ཆེན་པོ་ཅི་ཡང་མིན་ནའང་མི་གཞི་དང་བསམ་བློ་ཀུན་སྤྱོད་སོགས་གང་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་སའི་གྲས་སུ་བཏོགས་ཞེས་བཤད་ཆོག་ཆོག་གཉིས་ཡིན།བདག་ལ་མདོ་སྔགས་རིག་གནས་ཀྱི་དཔེ་ཁྲིད་ལྟ་ཅི་ཡི་གེའི་སྦྱོར་ཀློག་ཀྱང་ཁོང་གཉིས་ཀྱིས་བསླབས་པ་མིན་མོད།བདག་གི་གནས་ཀྱི་སློབ་དཔོན་དམ་པ་ཡིན་པར་མ་ཟད་བདག་ལ་རིག་གནས་ཡོན་ཏན་ཕྲན་བུ་རེ་འབྱོར་ཡོད་པ་མཐའ་དག་ཁོང་གཉིས་ཀྱི་བཀའ་དྲིན་དང་མ་འབྲེལ་བ་གཅིག་ཀྱང་མེད་པས།ངའི་སེམས་སྟེགས་ན་ཁོང་རྣམ་གཉིས་ནི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དང་ཁྱད་པར་ཅི་ཡང་མེད།དེའི་ཕྱིར་མི་ཚེ་འདིར་ངས་ཁོང་གཉིས་ཀྱི་ཐུགས་དང་འགལ་བའི་བྱ་བ་ཞིག་ཕལ་ཆེར་བྱས་མ་མྱོང་ཞེས་བཤད་ཀྱང་ཐལ་མི་ཆེ་བ་ལྟ་བུར་ཡོད་ལ།ཐ་ན་གྲྭ་ཤག་གི་སྒོ་ཁར་ཐེངས་གཅིག་འགྲོ་དགོས་ཀྱང་སྙན་གསན་མ་ཕུལ་བར་རང་འདོད་ཀྱིས་སོང་བ་དང་ཁོང་རྣམ་གཉིས་ཀྱི་བཞུགས་གདན་དྲོད་ཁོལ་མ་ཡལ་བའི་སྟེང་དུ་ཐེངས་གཅིག་ལའང་བསྡད་མྱོང་མེད།  

     
ཞང་བོ་ཆེ་བ་ཆོས་རྒྱ་མཚོ་ལགས་ནི་སྨྲ་སྒོ་ཡངས་ཤིང་ཀུ་རེ་དགོད་གཏམ་ལ་དགའ་བ་དང་།ཞང་བོ་ཆུང་བ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་སྨྲ་བ་ཉུང་ཞིང་སྒམ་བརླིང་ཅན་ཞིག་ཡིན།དུས་རྒྱུན་གྱི་ང་ཚོའི་འཚོ་བ་ནི་ཆེས་གུ་ཡངས་དང་སྤྲོ་སྣང་གིས་གང་ཡོད་ལ།བདག་དང་ཕུ་བོ་གཉིས་ཀར་གྲྭ་ཆུང་གཞན་ལ་མེད་པའི་གྲྭ་ཆས་ཡག་པོ་དང་གསར་བ།རྩེད་ཆས་ཀྱང་སྣ་ཚོགས་ཉོས་ཡོད་པས་ན་མཉམ་བཙུན་ཆུང་ཚོས་ཡང་ཡང་ཡིད་སྨོན་བྱེད་མྱོང་།འོན་ཀྱང་།སློབ་སྦྱོང་གི་ཕྱོགས་ལ་གུ་ཡངས་དང་དམིགས་བསལ་ཟེར་བ་ཞིག་ཡེ་ནས་མེད་པས་ཅུང་ཙམ་ལྷོད་གཡེང་ལ་ཤོར་ནའང་གཅར་རྡུང་ཤས་མི་བཟོད་པ་བྱེད་ངེས།ལྷག་པར་དུ་ང་ནི་ཆུང་དུས་རྒོད་པོ་ཞིག་ཡིན་པས་ཞང་བོ་ཆེ་ཆུང་གཉིས་ཀའི་ལག་ནས་རྟ་ལྕག་གྲངས་མེད་པ་ཞིག་རིན་མེད་དུ་ཐོབ་མྱོང་།རྟ་ལྕག་དེ་དང་ཁོང་གཉིས་ཀྱི་སླད་མེད་ལྷག་བསམ་དང་བྱམས་བརྩེའི་འོག་ནས་ང་རང་ནར་སོན་ཞིང་མི་གྲལ་དུ་ཚུད་པས། ངས་གཞན་ལ་བརྗོད་ཅིང་རང་སེམས་ལ་འཛིན་རྒྱུའི་མི་སྣ་ཁྱད་པར་བ་ཞིག་འཇོག་དགོས་ན་སྐུ་དྲིན་ཆེ་བའི་ཞང་བོ་ཁོང་གཉིས་ལས་གཞན་སུ་ཞིག་འཇོག་ཨང་། 

      
འཇིག་རྟེན་ཟེར་བ་འདི་ངོ་མ་མི་རྟག་སྒྱུ་མའི་རྩེད་ར་ཞིག་རེད།མི་ཚེ་ཟེར་བ་འདི་ངོ་མ་ཟློས་གར་མཁན་པོའི་འཁྲབ་ཚན་ཐུང་ཐུང་ཞིག་རེད།བར་མེད་དུ་འཁོར་བའི་སྐྱིད་སྡུག་དང་སྐྱེ་འཆིའི་འཁོར་ལོ་དེ་ཉིད་ངེད་ཅག་གི་སྟེང་དུ་ཡང་བཟློག་མེད་དུ་འཁོར་བས།བདག་ལ་བཀའ་དྲིན་བརྗོད་བྲལ་གྱི་ཞང་བོ་དམ་པ་ཆེ་བ་ཚང་གློ་བུར་དུ་ཚབ་ཆེན་ནད་ཀྱིས་བཟུང་སོང་།སྨན་པས་བོར་ཞིང་རིམ་གྲོས་བཟློག་ཏུ་མེད་པའི་གུད་ལ་གཏུགས་མཐར།བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་ཅི་ནུས་ཀྱིས་ཞབས་ཕྱི་བསྒྲུབ་དགོས་ཤིང་།བསླབ་ཁྲིམས་གསེར་གྱི་ར་གུར་ལས་དུས་ནམ་ཡང་འདའ་མི་རུང་བའི་མཐའ་མའི་ཞལ་ཆེམས་དྲོད་མོ་ཞིག་བདག་ལ་བསྩལ་རྗེས།དུས་གསུམ་རྒྱལ་བ་མཐའ་དག་གི་བརྩེ་བའི་རང་གཟུགས་དྲག་པོའི་སྐུ་རུ་ཤར་བ་དཔལ་མགོན་ཕྱག་དྲུག་པར་གསོལ་འདེབས་ཀྱི་ཀློང་ནས།ཁོང་ག་ལེར་ག་ལེར་བདག་ཅག་ལྟོས་བཅས་ཤུལ་དུ་བཞག་ནས་ཕེབས་སོང་།བདག་གི་མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་གཟིམས་ཤིང་སྐྱིད་སྡུག་གང་བྱུང་ཡང་བློ་ཕུག་བཅོལ་སའི་རྒྱབ་རི་མཐོན་པོ་དེ་གློ་བུར་དུ་ཉིལ་སྟངས་དེས། མི་ལོ་དུ་མའི་རིང་ལ།བདག་ལ་སྨྲ་བ་ཡོད་ཀྱང་དགོད་སྒྲ་འཇགས་སོང་། ཟས་གོས་གནས་མལ་འཛོམས་ཀྱང་སེམས་པ་སྟོང་སོང་། 

 
འོན་ཀྱང་།ང་ཆོས་ལུགས་པ་ཞིག་གི་ངོས་ནས།ཤེས་རིག་ཡོན་ཏན་ཕྲན་བུ་རེ་སྦྱངས་མྱོང་བའི་དགེ་སློང་གི་གཟུགས་བརྙན་ཙམ་འཛིན་པ་བོ་ཞིག་གི་ཆ་ནས།བློ་སྦྱོང་ཐན་ཐུན་རེར་གོམས་པའི་དྲིན་གྱིས།དྲིན་བྱས་ཀྱི་དྲིན་མི་བརྗེད་པའི་ཚད་ཐིག་ཅིག་གི་སྟེང་ནས།ཞང་བོ་སྐུ་དྲིན་ཅན་སྐུ་ཞི་བར་གཤེགས་ནས་ད་བར་དུ།ཁོང་གི་ཆེས་ཐུགས་ཉེ་བའི་ཞང་བོ་ཆུང་བར་སྐུ་གཡོག་ཞབས་ཕྱི་ཞན་མ་མྱོང་ལ།ཁོང་ཆེས་དད་སའི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོའི་རྣལ་འབྱོར་དང་འབྲེལ་བའི་སྟོང་མཆོད་རེའང་ཆད་མ་མྱོང་།ཁོང་དང་འདྲ་བའི་དགེ་སློང་བགྲེས་སོང་སྟོང་ཕྲག་ཙམ་ལ་ལོ་སར་གྱི་དོད་ཅིག་འབུལ་རྒྱུ་ཡང་བརྗེད་མ་མྱོང་།ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་དགའ་མོས་ལྟར་མི་རིགས་སྐད་ཡིག་དར་སྤེལ་དང་མཐུན་སྒྲིལ་ལ་ཡར་བསྐུལ།ཉམ་ཐག་དབུལ་བོར་འཚོ་བའི་རོགས་སྐྱོར་དང་གཉེན་ཉེའི་སྐྱིད་སྡུག་ལ་དོ་ཁུར།རང་དགོན་གྱི་དགེ་འདུན་པར་ལོ་རེར་མཆོད་འབུལ་དང་རྟེན་བཞེངས་སོགས་ཅི་ཐུབ་གང་ཐུབ་བྱས་ཡོད།འདི་ཡང་རང་སེམས་གསོ་ཐབས་ཤིག་ཡིན་ལ།སྡུག་བསྔལ་སངས་ཐབས་ཤིག་ཀྱང་ཡིན། 

    
དེ་རིང་ཡང་ཞང་བོ་དམ་པ་ཁྱེད་སྐུ་ཞི་བར་གཤེགས་ཏེ་ལོ་འཁོར་བཅུ་གཉིས་འདས་པའི་ཉིན་མོ་ཡིན་པས། ཁྱེད་དང་འདྲ་བའི་དགེ་སློང་བགྲེས་སོང་བཅུ་ཕྲག་ལྷག་རང་ཤག་ཏུ་གདན་དྲངས་ཏེ་འཇམ་མགོན་བླ་མ་ཡབ་སྲས་ལ་དད་གདུང་དྲག་པོས་གསོལ་འདེབས་བྱེད་བཞིན་ཡོད།བདག་ཅག་གཉེན་ཉེ་ལྟོས་བཅས་ལྷན་ཅིག་ཏུ་འཛོམས་ཏེ་དགེ་སྒྲུབ་བསྔོ་སྨོན་བྱེད་ཀྱིན་ཡོད།སེམས་པའི་མེ་ལོང་དུ་ཁྱེད་དང་ཁྱེད་ཀྱི་སྐུ་དྲིན།ཁྱེད་ཀྱི་འཇོན་ནུས་དངལྷག་བསམ་སོགས་ཁྲ་ཆིལ་ལེར་འཆར་བཞིན་ཡོད།ཁྱེད་ཀྱི་ཐུགས་རེ་མཐའ་དག་འབྲས་མེད་མི་བྱེད་པའི་དམ་བཅའ་བརྟན་པོ་སྙིང་ལ་འཇོག་གིན་ཡོད།བདག་ལ་བཀའ་དྲིན་བརྗོད་བྲལ་གྱི་ཞང་བོ་དམ་པ་ལགས།  ང་ནམ་ཡང་ཁྱེད་ཀྱི་གཉོར་སྐྱོང་མཁོ་ལ་ནར་མ་སོན་པའི་ཚ་བུ་རྒོད་པོ་དེ་བྱེད་འདོད།
 
༢༠༡༩-༣-༡༦     

གསར་འགོད་པ། སྨར་ཁམས་མཁའ་འགྲོ་རྒྱལ།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས་ཡེ་ཤེས། སྤེལ་དུས:   2020-10-29 ལྟ་ཀློག (5618)