དབྱིན་ཡིག་བརྡ་སྤྲོད་བོད་འགྲེལ་མ་དངོས་སུ་ཚོང་རར་འགྲེམ་པའི་བརྡ་ཐོ།


    ང་ཚོས་འཛམ་གླིང་ལ་ལྟ་འདོད་ན་དབྱིན་ཇིའི་སྐད་ཡིག་ལྟ་བུའི་འཛམ་གླིང་གཙོ་རྒྱུག་གི་སྐད་ཡིག་ཅིག་ཤེས་དགོས། ལྷག་ཏུ་ཁྱོད་ཀྱིས་བོད་མི་རིགས་ཀྱི་ལོ་ཙཱའི་ལས་དོན་ལ་འབད་པ་བྱེད་འདོད་ན།  ངེས་པར་དུ་ཁྱོད་ཀྱིས་དབྱིན་སྐད་ཡིག་ལྟ་བུའི་སྐད་ཡིག་རེ་ཟུང་མ་བསླབ་ཚད་མེད་རེད།  དེ་ནི་ལོ་ཙཱའི་ལམ་ཁ་དང་པོ་རེད།  ལམ་ཁ་འདིར་ཞུགས་སྟངས་ལ་ཐབས་སྣ་ཚོགས་ཡོད་སྲིད་ན་ཡང་།  ང་ཚོའི་ཁོར་ཡུག་འདི་ནས་བོད་ཡིག་ལ་བསྟེན་ཏེ་དབྱིན་ཡིག་བསླབ་པ་ནི་ཐབས་མཆོག་ཏུ་གྱུར་བ་ཞིག་རེད་འདོད།


     གང་ལྟར་དབྱིན་སྐད་ཡིག་ནི་འཛམ་གླིང་ལ་ལྟ་བྱེད་ཀྱི་སྒེའུ་ཁུང་དང་རིག་གནས་སྣ་མང་གི་ཚོང་རར་འགྲིམ་བྱེད་ཀྱི་སྒོ་ཆེན་ལྟ་བུ་ཡིན་པས།  ན་གཞོན་དག་གིས་མི་རིགས་རང་གི་རང་རྐང་ཟིན་པའི་སྟེང་ནས་འཛམ་གླིང་ལ་ལྟ་བྱེད་ཀྱི་སྤྱན་ཤེལ་དྭངས་མོ་རེ་གྱོན་རྒྱུ་ནི་དེང་གི་དུས་སུ་མི་གྲལ་ལ་འགྲོ་སྟངས་ཤིག་རེད།  ཁྱོད་ཀྱིས་དབྱིན་སྐད་ཡིག་གི་སྤྱན་ཤེལ་གསལ་སྒྲིབ་མེད་པ་ཞིག་གྱོན་འདོད་ན།  ཐོག་མར་དབྱིན་ཡིག་གི་བརྡ་སྤྲོད་ལ་ཡང་དག་པ་ཞིག་བསླབ་དགོས།  དབྱིན་སྐད་ཡིག་གི་བརྡ་སྤྲོད་ནི་དཔེ་ཀློག་རྒྱག་བྱེད་ཀྱི་རིག་གཞུང་ཁོ་ན་ཙམ་ཞིག་མ་ཡིན་པར།   བརྡ་སྤྲོད་མ་ཤེས་ན་སྐད་ཆ་ཡག་པོ་བཤད་མི་ཤེས་ལ།  བརྡ་སྤྲོད་མ་ཤེས་ན་ཡི་གེ་དག་མོ་ཞིག་འབྲི་མི་ཤེས།  ད་དུང་བརྡ་སྤྲོད་མ་ཤེས་ན་གཞན་གྱི་སྐད་ཆར་ཉན་མི་ཤེས་ལ། དཔེ་ཀློག་ཡག་པོ་ཞིག་བྱེད་འདོད་ན་དེ་བས་མི་སྲིད་པ་ཞིག་རེད།

     དེའི་ཕྱིར་ན་དབྱིན་ཡིག་བརྡ་སྤྲོད་ནི་དབྱིན་ཡིག་འབྲི་ཀློག་ཉན་གསུམ་གྱི་ལྡེ་མིག་ལྟ་བུར་ཆགས་ཡོད་པས།  ང་ཚོ་བོད་ཡིག་ལ་གོམས་པ་དག་གིས་བོད་ཡིག་གི་ལམ་ནས་དབྱིན་སྐད་ཡིག་གི་ལྡེ་མིག་ལག་ཏུ་ཐོགས་ན་གཞན་སྐད་སློབ་པའི་མྱུར་ལམ་ཞིག་ཅི་ལ་མིན།




རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2020-07-19 ལྟ་ཀློག (7414)