སྨན་པ་དཀྱུས་མ་ཞིག་གི་ཁྱད་འཕགས་ཀྱི་སྤྱོད་པ།

སྨན་པ་དཀྱུས་མ་ཞིག་གི་ཁྱད་འཕགས་ཀྱི་སྤྱོད་པ།

—འབའ་རྫོང་སྨན་པ་བསོད་ཚེ་ལ་བཅར་འདྲི་བྱས་པ།

   སྨན་པ་བསོད་ཚེ་ལགས་ནི་མཚོ་ལྷོ་འབའ་རྫོང་གི་སྨན་པ་རྒན་གྲས་ཤིག་ཡིན་ཞིང་། ལོ་བཞི་བཅུར་ཉེ་བ་ཞིག་ལ་སྨན་པའི་བྱ་བ་བསྒྲུབས།    ཁོ་རང་ལས་འཁྱུར་ངལ་གསོ་བྱས་ནས་ཡུན་རིང་མ་འགོར་བར་ཀླད་ཁྲག་ཐེངས་གཉིས་ལ་ཤོར་ནས་ནད་པར་གྱུར་པ་དང་།  ཁོ་ལ་བུ་གཉིས་ཡོད་པའང་ལོ་བཅུ་གཉིས་བཅུ་གསུམ་སྟེང་རིམ་བཞིན་ནད་པར་གྱུར་ནས་ལང་མི་ཐུབ་པར་གྱུར་ནས་མི་ཚེ་གང་བོར་གཉོར་སྐྱོང་བྱ་དགོས་བྱུང་།  དེ་ལྟར་ཁོའི་ཁྱིམ་ཚང་ལ་སྔོན་བསགས་ལས་ཀྱི་དབང་གིས་བློ་ཡིད་ལས་འདས་པའི་དཀའ་ཁག་ཁྲོད་ལྷུང་ནའང་།  ཁོའི་ཆུང་མ་དང་བུ་སྤུན་དག་གིས་རྒྱབ་སྐྱོར་ལ་བརྟེན་ནས་ཁོའི་ཚེ་གང་གི་གསོག་དངུལ་ཡོད་ཚད་ཁོ་རང་ཉིད་ཀྱིས་ཆེས་འབུལ་འདོད་སའི་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་ཕུལ་ནས་འདི་ལ་འཕྲོད་ཐུབ་སོང་བས་ང་རང་ནམ་ཡང་སེམས་བདེ་ཞེས་གསུངས་བྱུང་།  སྨན་པ་དཀྱུས་མ་ཞིག་གི་ཁྱད་འཕགས་ཀྱི་སྤྱོད་པ་འདི་ལ་དམིགས་ནས་ད་རེབ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་རྩོམ་སྒྲིག་པ་དང་གསར་འགོད་པ་བན་ཤུལ་འཇམ་དབྱངས་དང་འབའ་སྣང་གྲོལ་གཉིས་སྨན་པ་ཁོའི་གམ་དུ་ཆེད་དུ་བཅར་ནས་ཁོའི་མཚར་ལ་སྡུག་པའི་གཏམ་རྒྱུད་འདི་ཁ་བརྡའི་སྒྲ་ཕབ་བརྒྱུད་ནས་ཡིག་ཟིན་དུ་བཀོད་པ་ཡིན།   


གསར་འགོད་པ། སྨན་པ་བསོད་ཚེ་བདེ་མོ།

སྨན་པ། བདེ་མོ་ཡིན། བདེ་མོ་ཡིན།  ཁྱེད་གཉིས་བདེ་མོ།

གསར་འགོད་པ། བདེ་མོ་ཡིན་ལགས།  དེ་རིང་ངེད་གཉིས་ཀྱིས་ཆེད་དུ་ཁྱོད་ལ་སྐོར་ཞིག་རྒྱག་པའི་ཞོར་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བའི་གསར་འགོད་པའི་ངོས་ནས་ཁྱོད་ལ་ཁ་བརྡ་ཞིག་བྱ་བསམ་པ་ཡིན།  རྒྱུ་མཚན་ནི་སྐུ་ཉིད་ལགས་དམིགས་བསལ་གྱི་མི་ཚེའི་གནས་བབ་ཁྲོད་ནས་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐད་ལ་ཧ་ལས་པའི་བློས་གཏོང་བྱས་པ་དེས།  ངེད་ཅག་དགེ་སློབ་ཚང་མ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་ཡོད་པར་མ་ཟད།  ཁྱེད་ཀྱི་དམིགས་གསལ་གྱི་ད་ལྟའི་མི་ཚེའི་གནས་བབ་དང་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ཐད་ལ་བློས་གཏོང་གནང་བའི་མཛད་རྗེས་འདི་ཡིག་ཐོག་ཏུ་བཀོལ་ནས་ང་ཚོ་རྭ་རྒྱའི་དགེ་སློབ་ཡོངས་ཀྱིས་བོད་མི་རིགས་ཀྱི་ཚབ་ཏུ་ཁྱོད་ལ་བཀའ་དྲིན་ཐེངས་གཅིག་ཞུ་བསམ་པ་ཡིན་ལ།  མ་ཟད་ཁྱེད་ཀྱི་རྒྱ་ཆེ་བའི་བསམ་བློའི་གཏོང་ཕོད་དང་སྙིང་སྟོབས་འདི་བརྒྱུད་ནས་སྤྱི་ཚོགས་ཡོངས་ལ་སློབ་གསོའི་ཕྱོགས་ཀྱི་མིག་དཔེ་བཟང་བོ་ཞིག་སྟོན་བསམ་པའང་ཡིན་ལགས།  

སྨན་པ།  ཡ་ཡ།  སྤྱིར་ང་ལ་དེ་ལྟ་བུ་གཏན་ནས་བྱེད་དགོས་པ་མ་རེད།  ངས་མི་རིགས་སློབ་གསོའི་ལས་དོན་ལ་སྒོར་མོ་འགའ་ཞལ་འདེབས་སུ་ཕུལ་བ་དེ་འདྲའི་རིན་ཐང་ཡང་ཆེར་ཡོད་པ་མ་རེད།   སྤྱིར་ང་རང་གིས་འཇོན་ཚོད་ཀྱིས་མི་རིགས་ཀྱི་སློབ་གསོའི་དོན་ལ་དངུལ་ཉུང་ཙམ་ཕུལ་བ་འདི་སྒྲོག་པར་གཏན་ནས་མི་དགའ།   ང་རང་གི་བསམ་པར་འདི་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་ཆོས་རྣམ་དག་ཅིག་ཏུ་འགྲོ་བར་རེ་བ་བྱས་ཡོད།   ཡིན་ནའང་ཁྱེད་ཅག་ལ་འདི་འདྲའི་འཆར་གཞི་དང་རེ་བ་ཡོད་ན་ངས་དང་ལེན་ཞུ་བསམ་པ་ཡིན།  

གསར་འགོད་པ།  ལགས་སོ།།  བཀའ་དྲིན་ཆེ།   དེས་ན་ཐོག་མར་ཉིད་ཀྱིས་རང་གི་མི་ཚེའི་བརྒྱུད་རིམ་གྱི་ཕྱོགས་ནས་ངོ་སྤྲོད་ཐུང་ཐུང་རེ་ཞུས་ན།  

སྨན་པ།  ཡ་ཡ།  ང་ལ་ལོ་རྒྱུས་ཟེར་བ་ཆེར་ཡོད་པ་མ་རེད།  སྤྱིར་ང་སློབ་གྲྭ་ཡང་ཆེར་སོང་མྱོང་ཡོད་པ་མ་རེད།  ཡིན་ནའང་རང་གི་ལོ་རྒྱུས་ཙམ་ཉུང་ཉུང་ཞིག་ཞུས་ན་ཆོག་གི    ༡༩༦༩ལོའི་སྟོན་ཁར་ང་རང་འབའ་རྫོང་རྨ་བྱང་གསེར་ཐང་དུ་སློབ་ཆུང་ལ་ཞུགས་ཁུལ་བྱས་པ་ཡིན། ༡༩༧༠ལོར་མཐར་ཕྱིན་པ་རེད།  ལོ་གསུམ་ལ་མ་གཏོགས་མ་བསྡད་པ་རེད།   དེ་ནས་ཕྱིར་ཡུལ་ལ་ཡོང་ནས་ཕྱུགས་འཚོས་པ་རེད།   ༡༩༧༥ལོའི་ཟླ་བརྒྱད་པའི་ནང་ལ་སྨན་པ་བྱེད་འགོ་བརྩམས་པ་རེད།  ང་ཚོའི་སྡེ་བ་གཉིས་ལ་མཉམ་ལས་སྨན་ཁང་ཞིག་ཡོད་པ་དེའི་ནང་ནས་སྨན་པ་བྱས་པ་རེད།    དེ་དུས་རྭ་རྒྱ་དགོན་པའི་ཁམས་པའི་རྒྱལ་མཚན་ཟེར་བའི་སྨན་པ་ཞིག་ཡོད་པ་དེའི་གམ་ནས་འདུག་མྱོང་བའི་སྨན་པ་འཇམ་དབྱངས་ཀྱི་གམ་ནས་ངས་བོད་སྨན་སྦྱངས་པ་ཡིན།   ཞོར་དུ་སྨན་པ་གཞན་གཉིས་ཡོད་པ་དེའི་གམ་ནས་རྒྱ་སྨན་རེ་ཡང་སྦྱངས་པ་ཡིན།  སྐབས་དེར་རྫོང་ལ་ཡོང་ནས་སྨན་གྱི་སློབ་སྦྱོང་ཞིག་ནས་ཟླ་བ་གསུམ་ལ་སློབ་སྦྱོང་བྱས་མྱོང་བ་ཡིན།    ངས་གཏན་ནས་ཆེན་པོ་ཟིག་ཤེས་པ་མ་རེད།  དེ་ལྟར་བྱས་ནས་སྨན་གྱི་སློབ་སྦྱོང་གི་རྨང་གཞི་རེ་འཇོག་ཁུལ་བྱས་ནས་ང་སྨན་པ་རེ་བྱས་པ་ཡིན།   ༡༩༧༩ལོའི་ཟླ་བ་བཅུ་གཉིས་པའི་ནང་ལ་ང་རང་དངོས་སུ་རྒྱལ་ཁབ་ཀྱི་སྨན་པའི་ལས་གནས་སུ་བསྒྱུར་བ་རེད།  དེ་དུས་སུ་འབའ་རྫོང་ན་རྒྱ་སྨན་ཁང་དུ་བོད་སྨན་གྱི་ཚན་ཁག་ཞིག་མ་གཏོགས་ཡོད་པ་མ་རེད།  ཚན་ཁག་དེའི་འགོ་གཙོ་ཨ་རྒ་བཀའ་དྲིན་ཅན་བཟོད་པ་རེད།   ཁོས་ང་རང་དེར་ཤོག་ཅེས་ཁོའི་གམ་དུ་བླངས་ནས་ལོ་བཅུ་ཕྲག་ཙམ་ལ་ཁོའི་གམ་ནས་སྨན་པ་བྱས་པ་ཡིན། མི་ཚེ་འདིར་ང་ལ་ཡོན་ཏན་ཅུང་ལོབ་པ་དང་ཟླ་ཕོག་ཙམ་བླངས་ནས་འཚོ་བ་ལ་དཀའ་ཁག་མེད་པ་ཁོང་གི་བཀའ་དྲིན་ཉག་གཅིག་ཡིན།  དེ་རྗེས་༡༩༨༣ལོ་ཡིན་ནམ༡༩༨༤ལོ་ཡིན་གང་ཡིན་གསལ་བོར་མི་དྲན་གི  དེ་དུས་ཤིག་ལ་ད་གཟོད་འབའ་རྫོང་བོད་སྨན་ཁང་གསར་དུ་བཙུགས་པ་རེད།   ཨ་རྒ་བཟོད་པ་དང་ངེད་གཉིས་དེར་བསྡད་ནས་ནད་པ་ཡང་་ཅུང་ཙམ་མང་བོ་ཡོང་ནས་ཕྱོགས་གང་ཐད་ནས་ཅུང་ཇེ་བཟང་ལ་འགྲོ་པའི་སྐབས་སུ་ཨ་རྒ་བཟོད་པ་རྫོང་སྲིད་གྲོས་ཁང་དུ་ལས་གནས་སྤར་བས་ང་རང་གཅིག་པོ་ལུས་པ་རེད།   སྐབས་དེར་སྨན་ཁང་གི་འགན་གཙོ་བོ་ལྟ་བུ་ངའི་ཕྲག་སྟེང་དུ་ལྷུང་སོང་བ་རེད།   སྨན་པ་ལོ་འབའ་སྐབས་དེར་བོད་སྨན་ཁང་གི་འགོ་གཙོ་རེད།   རྗེས་ནས་ང་རང་ལ་བོད་སྨན་ཁང་གི་འགོ་གཙོ་གཞོན་པའི་མིང་བཏགས་ནས་དེ་ལྟར་བྱ་བ་ལས་པ་རེད།   དེ་ནས་བཟུང་བོད་སྨན་ཁང་དུ་༢༠༡༤ལོའི་བར་དུ་སྨན་པའི་ལས་ཀ་བྱས་ནས་ཡོང་བ་ཡིན།   ༢༠༡༤ལོའི་ཟླ་བ་བདུན་པའི་ནང་དུ་ང་རང་ལས་འཁྱུར་ངལ་གསོ་བྱིན་པ་རེད།   ཡིན་ནའང་བོད་སྨན་ཁང་གིས་རེ་བ་བྱས་པ་བཞིན་དུ་ལོ་གཉིས་གསུམ་ཙམ་ལ་སྔར་བཞིན་སྨན་ཁང་ནས་སྨན་པ་བྱས་ནས་བསྡད་པ་ཡིན།  དེའི་རྗེས་སྨན་པ་སྐལ་ལྡན་གྱིས་སྨན་ཁང་ཞིག་བཙུགས་ནས་ལོ་གཉིས་ཙམ་ལ་དེར་བསྡད་པ་ཡིན། དེའི་བར་ཞིག་ནས་མཚོ་སྔོན་གསོ་རིག་སློབ་གྲྭ་ནས་སྨན་པའི་ཆེད་སྦྱོང་གི་ལག་རྟགས་ཟིག་བླངས་པ་ཡིན། གཞན་ང་ལ་དགེ་རྒན་ཆེན་མོ་གཞོན་པའི་ཐོབ་ཐང་གི་ལག་རྟགས་ཟིག་ཡོད་པ་རེད།  མི་ཚེ་འདིར་ལག་རྗེས་ཡོད་པ་དང་ཆེན་པོ་ཤེས་པ་དེ་འདྲ་གཏན་ནས་མ་རེད། ཡིན་ནའང་སྨན་པའི་ལས་རིགས་ལ་བློ་དཀར་སེམས་དཀར་བྱས་ཡོང་བ་ཡིན།  ༢༠༡༧ལོའི་ཟླ་བ་བཅུ་བའི་ཚེས་དགུའི་དགོང་མོར་ང་རང་གི་ཀླད་ཁྲག་ཤོར་སོང་བ་རེད།   ལོ་བཞི་བཅུ་འགོར་ཡོད་མེད་ཙམ་ལ་སྨན་པའི་ལས་ཀ་བྱས་ནས་དགོང་མོ་དེ་ནས་བཟུང་ང་རང་ད་ལྟའི་བར་དུ་ནད་པར་གྱུར་ནས་མི་ཚེ་འདིར་སྨན་པ་བཅའ་མ་ཐུབ་པ་རེད། དེ་ལྟ་བུ་ཞིག་ལས་ང་ལ་ལོ་རྒྱུས་ཅང་ཡོད་པ་མ་རེད། (སྐབས་འདིར་ཁོའི་མིག་ཆུ་རང་དབང་མེད་པར་འཐོར་ནས་སྨྲ་བ་འགག་སོང་།)     

གསར་འགོད་པ།  རེད་ལགས།   དེས་ན་ཁྱོད་ཀྱི་མི་ཚེ་གང་བོའི་གསོག་དངུལ་ཡོད་ཚད་དེ་སྒོར་རྐྱང་ཁྲི་དྲུག་ཅུ་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་སུ་ཕུལ་སོང་།   ཁྱོད་ཀྱིས་འདིའི་ཕྱོགས་ནས་ཁ་བརྡ་ཞིག་བྱས་ན་ལགས།

སྨན་པ། ཡ་ཡ།ངའི་ཡུལ་ན་རང་གི་ཕ་རྒན་ལས་ལྷག་པའི་ཕུ་བོ་བཀའ་དྲིན་ཅན་ཞིག་ཡོད། ངའི་ཕ་རྒན་དངོས་སུ་ཡོད་ནའང་དེ་ལས་ལྷག་པ་ཞིག་ཡིན་མི་སྲིད།  ལོ་རེར་མར་ཕྱུར་ཤ་སོགས་གང་ལ་གང་དགོས་ང་ལ་ཆད་མ་མྱོང་བར་བསྐྱལ་ནས་ཡོང་སྟེ་ངས་རྒྱ་མ་གང་ཉོས་པའང་ལོ་རྒྱུས་སྟེང་ཡོད་པ་མ་རེད།   ཕུ་བོ་བཀའ་དྲིན་ཅན་ཞིག་ཡོད་པའི་དྲིན་ལ་བརྟེན་ནས་དེ་ལྟར་ངའི་ཁྱིམ་ཚང་ལ་བཟའ་འཐུང་སོགས་ཀྱི་འགྲོ་དྲོན་ཆུང་བ་ཡིན།   དེ་ནས་ངས་རིམ་བཞིན་རང་གི་ཟླ་ཕོག་དག་བསགས་འགོ་བརྩམས་པ་ཡིན།  ཟླ་ཕོག་བསགས་དགོས་པའི་དམིགས་ཡུལ་ཡང་།   ང་ལ་བུ་གཉིས་ཡོད་པ་ནད་པ་ཡིན།   ལོ་ན་བཅུ་གཉིས་བཅུ་གསུམ་གྱི་སྟེང་དུ་རིམ་བཞིན་ལྷད་སྐྱོན་གྱིས་གོས་ནས་གཉིས་ཀ་ནད་པར་གྱུར་ནས་ཡར་ལང་མི་ཐུབ་པར་གྱུར་བ་རེད།   དེ་བས་གཞན་དག་ཡིན་ན་བུ་ཕྲུག་སློབ་གྲྭར་བསྐྱལ་བ་སོགས་འགྲོ་སྒོ་གཏོང་ས་ཡོད་པ་རེད།  ང་ཡིན་ན་ལས་ཀྱིས་དབང་གིས་བུ་ཕྲུག་གཉིས་ནད་པར་གྱུར་ནས་འགྲོ་སྒོ་གཏོང་ས་དེ་འདྲ་མེད་ཀྱང་།  དེ་ལས་ཀྱང་སེམས་ཁུར་བྱེད་ས་ཡོད་པ་རེད།   ངེད་བཟའ་ཟླ་གཉིས་ཀའི་རྗེས་ནས་བུ་ཕྲུག་གཉིས་ཀ་སུས་གཉོར།  དེ་དུས་ངའི་བུ་ཕྲུག་གཉིས་ཀས་ངོ་མ་དཀའ་རྒྱུ་རེད།   དེ་བས་ངས་འདང་བརྒྱབ་པ་ཡིན།   ང་རང་བདེ་ཐོག་ལ་སྒོར་མོ་འགའ་བསགས་ནས་མ་འོངས་པ་ཞིག་ལ་བུ་གཉིས་གཉོར་ནི་ཞིག་གླ་དགོས་རྒྱུ་རེད།  དེ་དུས་གཉོར་མཁན་གྱི་ཟླ་ཕོགས་དང་བུ་གཉིས་ཀྱི་འཚོ་བ་འདང་བ་ཞིག་བསོག་རྒྱུ་འཆར་གཞི་བཟུང་བ་ཡིན།  ངས་སྒོར་མོ་འགའ་དེ་ལྟར་བསགས་པ་ཡིན། སྤྱིར་ང་ལ་མིང་སྲིང་བཞི་ཡོད། ཕུ་བོ་ཆེ་བ་ཨ་སྐྱབས་ཟེར།  དེའི་ཆུང་བ་ད་སྐྱབས་ཟེར། དེའི་ཆུང་བ་ཚེ་རྒྱལ་ཟེར།  ང་རང་ཆེས་ཆུང་བ་ཡིན།ང་ཚོའི་མིང་སྲིང་ཚོའི་ནང་གི་ཆེས་ཆེ་བའི་སྲིང་མོ་ནི་ཨ་ནེ་ཇོ་མོ་ཞིག་ཡིན།   རྗེས་སུ་ངའི་ཕུ་བོ་བཀའ་དྲིན་ཅན་དག་གིས་གྲོས་ཀ་བྱས་ནས་ང་ལ་སེམས་ཚེགས་དང་འགན་ཁུར་གཅིག་ཀྱང་མེད་པ་བཟོས་ཤིང་།   ཁོ་ཚོས་ངའི་བུ་ནད་པ་གཉིས་བུ་སྐལ་དུ་བླངས་ནས་ཚེ་གང་བོར་གཉོར་རྒྱུ་བྱས་པ་དང་།   ངས་རང་གི་བསགས་དངུལ་དེ་དག་ཁོ་ཚོ་ལ་བཙན་གྱིས་ཕྱིན་ཡང་ཁོ་ཚོས་སྐར་མ་གང་ཡང་མ་བླངས་པར་ཁྱོད་ཀྱི་སེམས་བདེ་མོ་བྱོས།  ང་ཚོའི་ཕོ་བ་མ་ལྟོགས་ན་བུ་གཉིས་ཀྱི་ཕོ་བ་ལྟོགས་མི་སྲིད་ཅེས་ནན་གྱིས་བཤད་པས་ང་ལ་སེམས་འགུལ་ཚད་མེད་ཐེབས་པ་དང་།  དེ་ནས་བཟུང་ངའི་བློ་སེམས་ཀྱང་ཅུང་བདེ་ལ་བབ་སོང་།   དེ་ནས་ད་ངས་འདང་ཟིག་བརྒྱབ་པ་ཡིན།   སྒོར་མོ་འགའ་བསགས་ནས་བཞག་པ་ལ་སྙིང་བོ་ཅུང་ཙམ་ཡང་མི་འདུག   ད་ཤི་གསོན་གང་ལའང་ཆོས་རྣམ་དག་ཅིག་བཅའ་དགོས་ཀི་བསམ་ནས་ངས་བསམ་བློ་མང་བོ་བཏང་བ་ཡིན།      ལྷ་སྐུ་རེ་བཞེངས་ནས་ལྷ་ཁང་ཞིག་གི་ནང་ལ་བཞག་ནའང་ཕན་པ་ནི་ལོས་ཀྱང་ཡོད་མོད།   ཕན་ངོ་མ་ནི་བོད་ཀྱི་སློབ་གསོ་ལ་ཕན་ཞིག་ཐོགས་ན་སྙམ་པ་ཡང་ཡང་དྲན་ཞིང་། བོད་ཁ་བ་ཅན་ལ་ཕན་ཐོགས་ཐོགས་ཤིག་སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱི་སློབ་གྲྭ་གན་གིས་མ་གཏོགས་སུ་གང་གིས་ཀྱང་དེ་འདྲ་ཕན་ཐོགས་ཀི་མེད་ཀི དཔེར་ན།  རྭ་རྒྱ་ནས་སློབ་མཐར་ཕྱིན་པའི་སློབ་མ་གསུམ་གྱིས་སྔོན་ཆད་ལོ་འགའི་རིང་ངའི་གམ་ནས་སྨན་ཕྲུག་བྱས་ནས་ལས་ཀ་བྱས་མྱོང་།  ཁོ་ཚོ་ནི་གཞན་དང་བསྡུར་ན་ཀུན་སྤྱོད་ཧ་ལས་པའི་ཡག་པོ་རེད།  དེ་ནས་བཟུང་ངས་རྭ་རྒྱའི་སློ་གྲྭ་དེ་སློབ་གྲྭ་གཞན་དང་མི་གཅིག་པ་ཞིག་ཡིན་པ་གཞན་གྱིས་བཤད་པ་ཙམ་མ་ཡིན་པར་ང་རང་གིས་དངོས་སུ་ཤེས་སོང་། གཞན་གྱི་སྐད་ཡིག་རེ་སྦྱངས་ན་ཟ་ཐུབ་འཐུང་ཐུབ་དང་། འགྲོ་ཐུབ་འདུག་ཐུབ་ཙམ་ཤེས་ཀྱང་།  ཀུན་སྤྱོད་དང་བསམ་བློ་ནི་ཁ་ཁ་སོ་སོ་ཡིན་པ་རེད། དགེ་རྒན་འཇིགས་མེད་རྒྱལ་མཚན་གྱིས་བོད་མི་རིགས་ཀྱི་སློབ་གསོའི་དོན་ལ་སྐུ་སྲོག་ལའང་མ་འཛེམས་པར་དཀའ་ལས་ཚད་མེད་བརྒྱབ་པའི་ལོ་རྒྱུས་རེ་ངས་སྔོན་ནས་གོ་ཐོས་བྱུང་ཞིང་། སྐབས་ཤིག་ལ་ཁོང་སློབ་གྲྭའི་དོན་ལ་རྒྱ་ནང་དུ་འགྲོ་དུས་ཤིག་ལ་མི་ངན་ཇག་པ་འགའི་ལག་ཏུ་ཤོར་ནས་ཁོང་ལ་གྲིས་བརྒྱབ་ནས་རྨས་སྐྱོན་ཆེན་པོ་བྱུང་སྟེ་ཐང་ལ་འགྱེལ་ནའང་།  སྐབས་དེར་ཁོང་གི་ཐུགས་ལ་ཤར་བ་ནི་རང་གི་སྐུ་སྲོག་མ་ཡིན་པར་སློབ་གྲྭ་ཡིད་ལ་ཤར་སོང་ཞེས་གཞན་གྱིས་བཤད་པ་ཐོས།དེ་ལྟ་བུའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཚུལ་བཟུང་བ།  བསམ་བློ་རྒྱ་ཆེ་བ།  སྙིང་སྟོབས་རྒྱ་ཆེ་བ།  བོད་མི་རིགས་དང་སློབ་གསོའི་དོན་ལ་སྐུ་སྲོག་ལ་མི་འཛེམས་པ་ཁོང་ལྟ་བུ་ཞིག་ལ་ཞལ་འདེབས་སུ་འབུལ་ཐུབ་སོང་ན་ཤི་ཡང་འགྱོད་པ་མེད་སྙམ་ནས་སེམས་ཐག་བཅད་པ་ཡིན། ཁོང་ནི་ངོ་མ་བོད་གངས་ཅན་ལ་བཀའ་དྲིན་ཆེན་པོ་རེད།  (མཚམས་འདི་ནས་ཁོ་རང་སྐད་ཆེན་པོའི་ངུ་ཤུམ་གནང་སོང་བས་ངེད་ཅག་འཇམ་ཅག་གེར་རེ་ཞིག་ལུས།) སྐབས་དེ་དུས་ཤིག་ལ་རྭ་རྒྱའི་སློབ་གྲྭས་སློབ་ཁྲིད་ཐོག་ཁང་བཞེངས་པར་མ་དངུལ་གྱིས་ཅུང་འདང་གིན་མེད་པ་ཞིག་གོ་ཐོས་བྱུང་བས།   དེ་ནས་ངས་ང་རང་གི་ཕུ་བོ་ལ་ངས་སྒོར་མོ་འདི་ཚོ་ཁྱེར་ནས་སོང་ལ་རྭ་རྒྱའི་སློབ་གྲྭར་ཞལ་འདེབས་སུ་ཕུལ་ཞོག་ཅེས་བཤད་པ་ཡིན།  སྤྱིར་ངས་སྒོར་མོ་ཁྲི་བརྒྱད་ཅུ་ཞལ་འདེབས་སུ་འབུལ་རྩིས་ཡོད་མོད།  སྒོར་མོ་འགའ་རེ་གཞན་ལ་སྐྱི་གཡར་བྱས་ཡོད་པ་དག་ཕྱིར་ང་ལ་མ་འཕྲོད་པ་དང་།  ང་རང་ནད་པར་གྱུར་བའི་དབང་གིས་དངོས་སུ་སོང་ནས་དོམ་འདེད་མ་ཐུབ་པ་སོགས་ཀྱི་དབང་གིས་སྒོར་ཁྲི་དྲུག་ཅུ་མ་གཏོགས་མ་འཚགས་ཐལ།    ངའི་ཕུ་བོ་ཕ་བུ་གཉིས་ལ་དེ་འཁྱེར་དུ་བཅུག་ནས་རྭ་རྒྱའི་སློབ་གྲྭར་སོང་ནས་དགེ་རྒན་ཚང་གི་མདུན་ལ་འགྲོ་དུས་ཐོག་ཁང་གི་འགྲོ་སྒོ་ཡོངས་མགར་རྩེ་གོང་ཞོལ་གཉིས་ཀས་ཡོངས་སུ་འགྲུབ་སོང་ཟེར་བས།  དེ་ནས་དགེ་རྒན་ཁོང་གི་ཐུགས་བསྐྱེད་བཞིན་ཐོན་མིའི་འབུམ་གླིང་ལ་ཞལ་འདེབས་སུ་ཕུལ་བ་ཡིན།   དེ་ལྟར་ཁོང་ལྟ་བུ་ཕུལ་ས་ཞིག་ལ་ཕུལ་ཐུབ་སོང་བ་ཡིན་པས་ད་ནི་ངའི་བློ་ཧ་ཅང་བདེ།     

གསར་འགོད་པ།  བཀའ་དྲིན་ཧ་ཅང་ཆེ།

སྨན་པ།   ཡ་ཡ།   མི་སྐྱོན།   

མཆན། སྨན་པ་ཁོ་རང་ནད་ཀྱི་དབང་གིས་གཟུགས་གཞི་ཐང་བོ་གཏན་ནས་མེད་པས།སྐད་ཆ་བཤད་སྐབས་སུ་རང་དབང་མེད་པར་ཁ་ཆུ་བཞུར་ནས་ལག་རས་ཤིག་བཟུང་ནས་ཡང་ཡང་འཕྱིད་དགོས་པ་དང་།  མ་ཟད་ཁ་ལྕེ་ཡང་དེ་འདྲ་མི་གསལ་ན་ཡང་འབད་པ་ཆེན་པོས་ཁ་བརྡ་བྱས་སོང་བར་སེམས་གཏིང་ནས་སེམས་འགུལ་ཐེབས།  


  ༢༠༢༠ ༢  ༢༨ཉིན།  


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2020-07-06 ལྟ་ཀློག (8621)