​མགོ་ལོག་རྭ་རྒྱ་རུ་གངས་ལྗོངས་ཚོང་ར་ཆེན་མོའི་དབུ་འབྱེད་མཛད་སྒོ་ཕྱེས་པ།

མགོ་ལོག་རྭ་རྒྱ་རུ་གངས་ལྗོངས་ཚོང་ར་ཆེན་མོའི་དབུ་འབྱེད་མཛད་སྒོ་ཕྱེས་པ།

    ༢༠༡༨ལོའི་སྤྱི་ཟླ༡པའི་ཚེས༤ཉིན་བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་ཐུགས་ཁུར་ཟབ་བཞེས་ཀྱིས་དབུ་ཁྲིད་གནང་ཞིང་རྭ་རྒྱའི་མཉམ་སྒྲུབ་ཚོང་སྡེ་ལྔ་དང་ས་གནས་སྡེ་བ་སོ་སོའི་མང་ཚོགས་ཡོངས་ཀྱིས་སྟོབས་ཤུགས་མཉམ་གནས་དང་མ་རྩ་མཉམ་འཇོག་གིས་ལོ་འགའི་རིང་འཛུགས་སྐྲུན་བྱས་པའི་རྭ་རྒྱའི་གངས་ལྗོངས་ཚོང་ར་ཆེན་མོ་ད་ལྟ་དངོས་སུ་ལེགས་འགྲུབ་བྱུང་སྟེ་ཚོང་སྒོ་འབྱེད་པའི་དབུ་འབྱེད་མཛད་སྒོ་གཟབ་རྒྱས་ངང་མགོ་ལོག་རྭ་རྒྱ་གྲོང་རྡལ་གྱི་གངས་ལྗོངས་ཚོང་ར་ཆེན་མོའི་ཐོག་ཁང་གི་མདུན་དུ་སྤེལ་ཞིང་།    ཚོགས་ཐོག་ཏུ་རྭ་རྒྱ་དགོན་པ་གཞུང་།  ཨ་ལགས་གཙོ་རུ་ནང་ཆེན། རྭ་རྒྱ་སྲིད་གཞུང་། ཁུལ་ཞིང་ཕྱུགས་ལས་ཁུངས། རྨ་རྒྱལ་མཉམ་སྒྲུབ་ཚོང་སྡེ། རྫ་དམར་མཉམ་སྒྲུབ་ཚོང་སྡེ། མཛོ་མོ་ནུ་རྩེ་ཆེད་གཉེར་མཉམ་སྒྲུབ་ཚོང་སྡེ། མར་ལོ་ཚང་མཉམ་སྒྲུབ་ཚོང་སྡེ། གསེར་ལུང་ནོར་ལུག་གསོ་སྤེལ་ཆེེད་གཉེར་མཉམ་ལས་ཁང་། ཨ་མྱེས་གོ་རི་ནོར་ནག་གསོ་སྤེལ་ཆེད་གཉེར་མཉམ་ལས་ཁང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་དང་མགོ་ལོག་འཇིགས་མེད་རྒྱལ་མཚན་རིག་གནས་སློབ་གསོའི་བློ་འདྲི་ཚད་ཡོད་མཐུན་གཉེར་ཁང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་། གངས་ལྗོངས་རྩ་ཐང་བུ་མོའི་སློབ་གྲྭ།  ཆུ་བ་རྒྱ་བཟའ་སྡེ་བ། རྨ་ཆེན་ཡན་ལག་ཚོགས་པ། ཡག་ཆ་སྡེ་བ། གཡོན་གཞུ་སྡེ་བ། ལྷ་སྡེ་སྡེ་བ། སེར་ཐོ་སྡེ་བ།  སྟག་གསོད་སྡེ་བ། རྨོག་དཀར་སྡེ་བ། ཉིན་ལུང་སྡེ་བ། སྟག་ལུང་སྡེ་བ། བྲག་ཞོལ་སྡེ་བ། གསེར་ཐང་སྡེ་བ། གསེར་འོད་སྡེ་བ། རྨ་ཆུ་སྡེ་བ། གུར་དཀར་སྡེ་བ། མགར་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། དབེན་སྲུང་ཚོགས་པ། འོད་འབར་རྨོངས་སེལ་ཚོགས་པ་སོགས་ཀྱི་འཐུས་ཚབ་སྐུ་མགྲོན་མཉམ་ཞུགས་གནང་བ་དང་།  གངས་ལྗོངས་ཚོང་ར་ཆེན་མོ་གསར་འཛུགས་ཐད་ཐོག་མཐའ་བར་གསུམ་དུ་འགན་ཁུར་བའི་མཉམ་སྒྲུབ་ཚོང་སྡེའི་ལས་འཛིན་མི་སྣ་དཔའ་བསོ།  དབང་རྡོར།   ཤེས་རབ།   ཚེ་རིང་དོན་གྲུབ་གསུམ་གྱིས་གངས་ལྗོངས་ཚོང་ར་ཆེན་མོ་གསར་འཛུགས་ཀྱི་བརྒྱུད་རིམ་དང་།  མ་དངུལ་བསྡུ་གཏོང་གི་རིམ་པ།    འགྲོ་ཡོང་གི་རྩིས་ཐོ་སོགས་ཞིབ་ཕྲའི་ངང་མང་ཚོགས་རྣམས་ལ་གསལ་བཤད་ངོ་འཕྲོད་པ་གནང་བ་དང་།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་སློབ་དཔོན་འཇིགས་མེད་རྒྱལ་མཚན་དང་ཞིང་ཕྱུགས་ཅུས་ཀྱི་འགོ་གཙོ་ཚེ་རིང་དོན་གྲུབ།      མགོ་ལོག་མཉམ་སྒྲུབ་ཚོང་སྡེའི་ཚོགས་གཞོན་གསང་བྷོ་སོགས་ཀྱིས་མཉམ་སྒྲུབ་ཚོང་སྡེ་གངས་ལྗོངས་ཚོང་ར་ཆེན་མོའི་དགའ་འོས་པའི་གྲུབ་འབྲས་དང་འབྲེལ་ནས་ས་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་།  ས་གནས་ཀྱི་དཔལ་འབྱོར་དར་སྤེལ།   ས་གནས་ཀྱི་ཁེ་ལས་མ་ལག་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པར་ས་གནས་མང་ཚོགས་ཀྱིས་རང་ས་རང་སྐྱོང་དང་རང་ལམ་རང་འཚོལ་ཐུབ་པའི་ཕྱོགས་ནས་གསུང་བཤད་གལ་ཆེན་གནང་བར་མ་ཟད།   གངས་ལྗོངས་ཚོང་ར་ཆེན་མོ་གསར་འཛུགས་གནང་བའི་དཀའ་ཁག་གི་བརྒྱུད་རིམ་ཁྲོད་རྒྱུ་དངོས་ཚེགས་གསུམ་ཕངས་མེད་དུ་བཏང་བའི་མི་སྣ་ལྷག་བསམ་ཅན་དང་འཇོན་ཐང་ཅན་འགའ་ལ་ཆེད་དུ་བྱ་དགའ་བྱིན་ཏེ་གཟེངས་བསྟོད་བྱས་ཤིང་། མཇུག་ཏུ་སློབ་དཔོན་ཆེན་མོ་རྭ་རྒྱ་འཇིགས་མེད་མཆོག་སྐུ་དངོས་ཀྱིས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་ས་གནས་མང་ཚོགས་རྣམས་གངས་ལྗོངས་ཚོང་ར་ཆེན་མོར་གཟིགས་སྐོར་དུ་ཁྲིད་ནས་རེ་རེ་བཞིན་གསལ་བཤད་དང་མཚམས་སྦྱོར་གནང་ནས་མཇུག་ལེགས་པར་གྲུབ།  ང་ཚོས་ངེས་པར་དུ་བསམ་དགོས་པ་ཞིག་ལ་རྭ་རྒྱའི་མཉམ་སྒྲུབ་ཚོང་སྡེ་གངས་ལྗོངས་ཚོང་ར་ཆེན་མོ་འདི་ནི་ས་གནས་ཀྱི་སློབ་ཆེན་ཤེས་ཡོན་པ་དང་རྒྱུ་ཆེན་དག་མཉམ་དུ་འདུས་ནས་གསར་འཛུགས་གནང་བ་ཞིག་མ་ཡིན་པར་སློབ་གྲྭར་གཏན་ནས་འགྲོ་མ་མྱོང་བའི་ས་གནས་ཀྱི་འབྲོག་པ་རྣམས་བསམ་བློ་གཅིག་ལ་འཁོར་ཏེ་མཉམ་འབྲེལ་གྱིས་ད་ལྟ་རྭ་རྒྱ་གྲོང་རྡལ་གྱི་ཆེས་ཆེ་བའི་ཚོང་ར་ཆེན་མོ་དངོས་སུ་ལེགས་འགྲུབ་བྱུང་ཐུབ་ཡོད་པ་འདི་ཡིན་ནོ།། 

རྭ་རྒྱའི་གངས་ལྗོངས་ཚོང་ར་ཆེན་མོའི་སྤྱིའི་ཆགས་དབྱིབས་ཀྱི་དཔེ་རིས།

མི་སྣ་གལ་ཆེན་དག་གིས་གསུང་བཤད་གནང་བཞིན་པ།

སློབ་དཔོན་འཇིགས་མེད་རྒྱལ་མཚན་གྱིས་མཛད་རྗེས་ཆེ་བའི་མི་སྣ་དག་ལ་བྱ་དགའ་གནང་བཞིན་པ། 

མཉམ་སྒྲུབ་ཚོང་སྡེ་སྤྱི་ནས་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག་ཁོང་ལ་སྐུ་དྲིན་མཚོན་སླད་དུ་བྱ་དགའ་ཕུལ་བ། 

མཛད་སྒོའི་སྟེང་དུ་ཞུགས་པའི་ས་གནས་མང་ཚོགས།

 

སྐུ་མགྲོན་ཡོངས་གངས་ལྗོངས་ཚོང་ར་ཆེན་མོར་ལྟ་སྐོར་དུ་བསྐྱོད་པ།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2018-01-04 ལྟ་ཀློག (9127)