འཛིན་བདག་དགེ་རྒན་བཟོད་པ་བཟང་བོས་མཐར་ཕྱིན་སློབ་མར་ཕུལ་བའི་གྱེས་ཚིག


མཐར་ཕྱིན་གྱེས་ཚིག

                                     --2024གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་ཚོར་སྨྲས་པ།
རྭ་རྒྱ་བཟོད་པ།

ལོ་ཟླའི་འཁོར་འགྲོས་དེ་ཇི་འདྲའི་མགྱོགས་པ་ལ་ཨང་། མིག་སྡེབ་དབང་ཙམ་གྱིས་མི་ལོ་དྲུག་གི་ཉིན་ཞག་དེ་དག་སྐད་ཅིག་གིས་རྫོགས་སོང་། ཕྱིར་འདང་ཞིག་བརྒྱབ་ན་མཐར་ཕྱིན་ལ་ཉེ་བའི་སློབ་བུ་ཁྱེད་ཅག་ནི་དེ་དུས་ལོ་ན་ཤིན་ཏུ་ཆུང་ཞིང་། པྲ་ཆལ་དང་རྩེད་མོར་དགའ་བའི་ན་གཞོན་བསམ་མེད་དག་དག་ཡིན། ཐོག་མར་སློབ་གླིང་དུ་འབྱོར་ཏེ་རྒྱུགས་ལ་ཞུགས་ཤིང་དེ་ནས་འཛིན་གྲྭ་བགོས་ཏེ་ང་དང་སློབ་ཁང་གཅིག་ལ་ཁེལ་བའི་བར་ལ་ཁྱེད་ཚོའི་དཀའ་སྡུག་དང་འབད་བརྩོན་ཅི་ཞིག་བརྒྱུད་པ་ངས་གཏན་ནས་མི་ཤེས། ཐ་ན་ཐོག་མར་ཁྱེད་ཚོའི་མི་ལ་ཅི་ཟེར་བ་དང་གང་ནས་འོང་བའི་ས་གནས་ཀྱང་ངས་གཏན་ནས་མི་ཤེས། འོན་ཀྱང་ཁྱོད་ཚོ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འབྱོར་བ་ནས་འུ་ཅག་ཆ་མེད་ནས་རྒྱུས་ཡོད་དུ་གྱུར་ཅིང་། རྒྱུས་ཡོད་ནས་ཀྱང་ཧ་ཅང་འདྲིས་ཆ་ཡོད་པར་གྱུར་སོང་། ལོ་ཟླ་དེ་དག་གི་རིང་ངས་ཁྱོད་ཚོའི་འཛིན་དགེ་རྒན་གྱི་འགན་ཁུར་ཞིང་རིག་གནས་དང་བསྡུས་གྲྭ་སོགས་ཀྱི་དཔེ་ཁྲིད་བྱས་ཏེ་འུ་ཅག་ཕན་ཚུན་བར་ལ་ཤ་འདྲིས་པགས་འདྲིས་སུ་སོང་བའི་བརྩེ་བ་ལྷད་མེད་ཅིག་ཆགས་ཡོད། དེ་བས་ཁྱེད་ཚོས་ང་ལ་དགེ་རྒན་ཞེས་འབོད་ཅིང་ད་དུང་དགེ་རྒན་བཀའ་དྲིན་ཅན་ཞེས་ཆེ་བསྟོད་ཀྱང་བྱེད་ཀྱིན་ཡོད། ངས་ཀྱང་ཁྱེད་ཚོར་སློབ་སྦྱོང་ལ་འབད་པ་བྱེད་དགོས་པའི་གནས་ལུགས་ཤེས་ཚོད་ཀྱིས་བགྲང་ཞིང་། ཁྱོད་ཚོའི་ལུས་ངག་ཡིད་གསུམ་གྱི་སྐྱོན་ཆ་ཅི་མཆིས་ཐེར་འདོན་དང་སྒྱུར་བཅོས་གཏོང་དགོས་པའི་རེ་བ་ཤུགས་ཆེན་པོས་བཏོན་པ་ཡིན། 

སློབ་གསོ་གཏོང་སྐབས་ཉན་བཞིན་པ་འདྲ་ནའང་སེམས་ཀྱི་གཏིང་ལ་གཏན་ནས་མི་འཛིན་པའི་ཁྱོད་ཚོར་གཟའ་མཇུག་རེ་རེར་ངས་མཛུབ་མོ་གདོང་ལ་བཙུགས་ཏེ་སྐུལ་འདེད་བྱེད་མྱོང་ཞིང་། ད་དུང་ཁ་མི་ཉན་པའི་ཁྱོད་ཚོར་བཙན་གྱིས་དྲག་འདེད་བྱས་པའང་ཡོད། འདི་དག་ལ་ཕྱིར་འདང་ཞིག་བརྒྱབ་ན་ང་རང་འགྱོད་པ་གཏན་ནས་མི་སྐྱེ་སྟེ། ངས་ལྷག་བསམ་ཟོལ་མེད་དང་ཁྱེད་ཚོའི་མདུན་ལམ་ཁོ་ན་བསམ་པ་ཡིན། སྤྱི་སྡོམས་རེ་རེའི་སྟེང་དུ་སློབ་མ་རེ་རེའི་འགྲོ་འདུག་སྤྱོད་གསུམ་ལ་ཉམས་འཇོག་བྱེད་སྟངས་དང་། ལུས་ངག་ཡིག་གསུམ་གྱི་ལེགས་ཉེས་ལ་བླང་དོར་འབྱེད་ཚུལ། བསླབ་གཞི་རེ་རེར་འབད་འབུངས་བྱེད་ཚུལ། གཟའ་འཁོར་རེའི་རྩོམ་ཡིག་འབྲི་སྦྱོང་བྱེད་ཚུལ། ཕ་སྐད་གཙང་མར་ཞེན་པ་དགོས་ཚུལ། ཐ་ན་ཁོར་ཡུག་གཙང་སྤྲར་ཤུགས་རྒྱག་དགོས་ཚུལ་སོགས་སློབ་གླིང་དུ་སྡོད་པའི་སྐབས་ཙམ་མ་ཡིན་པར་མི་ཚེའི་བྱ་སྤྱོད་ཇེ་ལེགས་སུ་འགྲོ་དགོས་པའི་འབོད་སྐད་ཡང་ནས་ཡང་དུ་བཏང་བ་དེ་དག་ད་ལྟ་དྲན་ངོགས་སུ་ཡོད་དམ།

ད་ལྟ་མཐར་ཕྱིན་ལ་ཉེ་བའི་ཁྱོད་ཚོས་ཤེས་རིག་ནོར་བུའི་གླིང་གི་ཚེ་རབས་ཕྲེང་བརྒྱུད་ཀྱི་སློབ་གསོའི་གཟུངས་གཞུག་སེམས་སུ་ཉར་ཞིང་། སློབ་སྦྱོང་ནི་མི་ཚེ་ལེགས་ལམ་དུ་གཏོང་བྱེད་དང་འདུ་ཕྱིའི་ལེགས་ཚོགས་སྒྲུབ་བྱེད་ཅིག་ཡིན་པའི་གཏན་ཚིགས་གསལ་བོར་ངོས་ཟིན་ཡོད་དམ། ད་དུང་གཞི་དང་གནས་མལ་གང་ལ་བཅོལ་ཡང་དྲིན་ལན་བརྗེད་དུ་མེད་པའི་ཕ་མ་རྒན་རྒོན་དང་། དྲིན་གྱིས་བསྐྱངས་པའི་ནང་མི་གཉེན་ཉེ་དག་ལ་ཁྲེལ་མེད་ཀྱི་བྱ་ངན་ཅི་ཡང་བསྒྲུབ་མི་ཉན་པའི་གནས་ལུགས་གསལ་བོར་ཤེས་ཡོད་དམ།
སློབ་བུ་ཚོ། དེ་རིང་ངས་རང་ཉིད་སྡོད་སའི་ཁང་མིག་ཆུང་ཆུང་དེའི་ནང་དུ་ཁེར་རྐྱང་དང་བསམ་གཞིག་གི་ཀློང་ནས་ཁྱོད་ཚོ་ཁོ་ན་གླེང་གིན་ཡོད། ཁྱོད་ཚོ་སྤྱི་ཚོགས་སྟེང་གི་ཁྲམ་པ་ལྟ་བུའི་མི་ཚོགས་དེ་དག་ལས་རྗེས་སུ་ལུས་ཡོད་ནའང་ཁྱོད་ཚོ་བསམ་བློ་གཏོང་ཤེས་པའི་ཤེས་ལྡན་པ་དག་དག་ཡིན། ཁྱོད་ཚོས་ལས་རིགས་མི་འདྲ་བའི་མི་ཆེན་དག་ལ་ཁ་ཡག་ངོ་དགའ་བཤད་དེ་དགའ་རུ་འཇུག་མི་ཐུབ་ནའང་ཁྲེལ་དང་ངོ་ཚར་འཛེམ་ཤེས་པའི་ཡ་རབས་ཀྱི་གཞོན་སྐྱེས་དག་དག་ཡིན། ཁྱོད་ཚོས་གཞན་ལ་མགོ་སྐོར་གཏོང་ཤེས་པའི་མི་གྲུང་བོ་དེ་དག་ལ་གང་ཅིའི་ཐད་ནས་འགྲན་མི་ནུས་ནའང་དགེ་སྡུག་ལ་བླང་དོར་འབྱེད་ཤེས་པའི་ཚུལ་དང་མཐུན་པའི་མི་རིགས་འདིའི་རྗེས་སྐྱོང་བ་དག་དག་ཡིན། དེ་བས་ངས་བསམ་བློ་གཏོང་གིན་གཏོང་གིན་ཁྱོད་ཚོའི་བཟང་ཆ་མཐོང་ཞིང་ཁྱོད་ཚོའི་འོད་སྟོང་འཕྲོ་བའི་མ་འོངས་པའང་མཐོང་བྱུང་།
སློབ་གླིང་འདིའི་དགེ་སློབ་ཡོངས་ཀྱི་རེ་བའི་ས་བོན་ཐོགས་པའི་སློབ་བུ་ཚོ། ད་ལྟ་ཁྱོད་ཚོ་སློབ་གླིང་འདི་ནས་མཐར་ཕྱིན་ཏེ་སྤྱི་ཚོགས་སྟེང་གི་ལས་གནས་སོ་སོར་འགྲོ་རན་སོང་། མཐར་ཕྱིན་དགོང་ཚོགས་འཚོགས་ཏེ་སློབ་གླིང་འདིའི་དགེ་སློབ་ཡོངས་ལ་བདེ་མོའང་འཇོག་རན་སོང་། མཐར་ཕྱིན་ཆེད་རྩོམ་དག་ལག་ཏུ་བཟུང་སྟེ་ཤིན་ཏུ་བརྩེ་བའི་སློབ་གྲོགས་རྣམས་ལ་གྱེས་བརྡ་གཏོང་རན་སོང་། དེ་བས་ཁྱོད་ཚོ་དགའ་དགའ་སྤྲོ་སྤྲོ་བྱས་ན་འགྲིག  ང་རང་དང་སེམས་ཐག་ཆེས་ཉེ་བའི་སློབ་བུ་ཚོ། ང་ཚོ་ནི་ལས་སྐལ་གྱི་ཕྲེང་ཐག་གཅིག་ལ་བརྒྱུས་པའི་ཕྲེང་རྡོག་ཚར་གཅིག་ཡིན་ལ། གནམ་སའི་བླ་འོག་བརྗེས་ཀྱང་བརྩེ་བའི་ཀ་བ་མི་འགྱུར་བའི་གཉེན་ཉེ་ཁོ་ན་དེ་ཡིན་པ་གཏན་ནས་མ་བརྗེད། ཁྱོད་ཚོ་ཁ་དྲོ་བཀྲ་ཤིས། ཁྱོད་ཚོ་ཚེ་རིང་ལོ་བརྒྱ།  
2024/4/8
 

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-07-09 ལྟ་ཀློག (945)