
དཀའ་སྡུག་དང་ཉེན་ཁའི་འགག་འཕྲང་བརྒྱུད་པའི་ལོ་ཟླ་འདི་དག
— ཉིས་སྟོང་ཉེར་བཞི་ལོའི་མཐར་ཕྱིན་འཛིན་གྲྭ་གཉིས་པར་ཕུལ་བའི་གྱེས་ཚིག
བླ་ནག་པ་སྐལ་ལྡན་རྒྱ་མཚོ།
ཉིན་འདི་ཚོར་ཁྱེད་ཅག་གིས་ང་ལ་གྱེས་ཁའི་གཏམ་ཞིག་འབྲི་རོགས་ཞེས་ཡང་ཡང་བསྐུལ་མ་བྱས་ནའང་། ངས་ཇི་ལྟར་འབྲི་དགོས་པར་བསམ་བློ་བཏང་ནས་དེ་རིང་བར་ལུས་སོང་། དེ་ཡང་འུ་ཅག་གིས་ལོ་ཟླ་འདི་དག་ལ་དཀའ་སྡུག་དང་ཉེན་ཁའི་འགག་འཕྲང་དུ་མ་ཞིག་བརྒྱུད་དེ་འོངས་པས་ན། ང་ནི་ཆེས་བརྣག་པར་དཀའ་བའི་སྡུག་བསྔལ་དང་དཀའ་ཁག་གི་འཚོ་བར་ཕྱིར་དྲན་བྱ་རྒྱུར་དེ་ཙམ་མི་དགའ་སྟེ། དེས་ཡང་བསྐྱར་ང་རང་སེམས་མི་སྐྱིད་པར་བཏང་ནས་སྡུག་ལ་སྦྱོར་ངེས་པས་རེད། ཡིན་ནའང་ང་ཚོས་ལོ་ངོ་འདི་དག་གི་རིང་ལ་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ནས་ཡོང་སྟེ། རྒྱལ་ཁའི་རྟགས་མ་མང་བོ་བླངས་མྱོང་བར་བསམས་ན། ངའི་སེམས་ལ་སྤྲོ་སྐྱིད་དང་ཡིད་ཚིམ་པའི་ཚོར་བ་སྐྱིད་པོ་དུ་མ་ཞིག་རླབས་ཕྲེང་བཞིན་འཕྱུར་འོང་གིན་འདུག
དེ་བས་ངས་ཨུ་ཚུགས་ཀྱིས་ལོ་ངོ་འདི་དག་གི་དགའ་སྡུག་འདྲེས་མའི་འཚོ་བར་ཕྱིར་དྲན་རེ་བྱས་ན། འགྱུར་ལྡོག་རྐྱེན་པའི་སློབ་གསོའི་བཅའ་ཁྲིམས་དང་སྒྲིག་འཛུགས་ཀྱི་གནོན་ཤུགས་ལྕི་མོས་ང་ཚོའི་སློབ་སྦྱོང་གི་དུས་ཚོད་ལ་ཚད་བཀག་བཟོས་ཤིང་། སྤྲོ་སེམས་ཀྱི་མེ་ཏོག་རྙིད་ལ་ཁད་དུ་བཏང་། ང་ཚོས་རེའུ་མིག་དང་སྙན་ཞུའི་ཡིག་ཆ་སྣ་ཚོགས་གཉིད་ཆག་ཟས་བརྗེད་ཀྱིས་བཟོས་ཤིང་། རང་ཉིད་དང་བར་ཐག་ཆེས་ཆེར་རིང་བའི་བསམ་བློ་ཀུན་སྤྱོད་ཀྱི་བསླབ་བྱ་གསར་བ་དང་སློབ་སྲིད་ཀྱི་ཡིག་ཆ་སྣ་ཚོགས། གཞུང་འབྲེལ་གྱི་ཚོགས་འདུའི་དགོངས་དོན་སོགས་ལ་ཨུ་ཚུགས་ཀྱིས་ཉན་ཅིང་སློབ་སྦྱོང་བྱས་རྗེས། རང་ཉིད་སུ་ཞིག་ཡིན་པ་དང་། གང་ནས་ཡོང་བ། ཡང་ན་ལམ་གང་འདྲ་ཞིག་གི་ནང་དུ་འགྲོ་བཞིན་ཡོད་པ། མ་འོངས་པར་གནད་དོན་ཅི་ཞིག་ལ་འཕྲད་རྒྱུ་ཡིན་པར་མནོ་བསམ་ཡང་ཡང་བཏང་མྱོང་བ་བརྗེད་ག་ལ་སྲིད་ཨང་། ད་དུང་འགོས་མཆེད་ཀྱི་ཉེན་ཁ་ཧ་ཅང་ཆེ་བའི་མཆིན་སྐྲན་དང་གློ་གཅོང་གི་ན་ཚས་སློབ་གྲོགས་དུ་མ་ཞིག་གི་གསེར་ལས་དཀོན་པའི་སློབ་སྦྱོང་གི་གོ་སྐབས་བཟང་བོ་འཕྲོག་སྟེ་གནང་བ་ཞུས་ནས་ཕ་ཡུལ་དུ་སྡོད་དགོས་བྱུང་བར་ཕངས་སེམས་ཅི་བས་ཆེ་ཨང་། དེ་བཞིན་མིག་སྐྲང་སྟེང་ལ་ཁུ་ཚུར་ཟེར་བའི་དཔེ་ལྟར་ང་ཚོ་“ཏོག་དབྱིབས་ནད་དུག་”གིས་རྒྱལ་ཡོངས་སྔངས་འདར་བྱེད་པའི་བར་སྐབས་སུ་ཁེལ་ཏེ་སློབ་སྐབས་གཅིག་གི་རིང་ལ་འཚོགས་མ་ཐུབ་པར་དྲ་ལམ་ནས་སློབ་ཁྲིད་བྱས་ཏེ་བསྡད་པ་དྲན་ནམ། དེ་དུས་ངས་ཁྱེད་ཚོ་མི་རེ་རེའི་རྗེས་སུ་ཁ་པར་གྱི་བརྙན་བཀར་ཏེ་སློབ་ཁྲིད་ལ་ཉན་གྱིན་ཡོད་མེད་དང་བློ་འཛིན་བྱེད་ཀྱིན་ཡོད་མེད་ལ་བལྟས་ཤིང་། སློབ་ཁྲིད་ལ་ཆད་མཁན་དང་བློ་འཛིན་མི་བྱེད་མཁན་དག་ཕྱིར་སློབ་གྲྭར་ཐོན་དུས་རང་དགར་མི་བསྐྱུར་ཁོ་ཐག་ཡིན་ཞེས་སྐྲག་བསླངས་པ་དྲན་ནམ། དེ་དུས་ནམ་ཟླ་དགུན་ཁ་ཡིན་པས་ཁྱེད་ཚོ་མང་ཤོས་ཀྱིས་ཕྱི་རོལ་དགུན་འཁྱག་གི་ཁ་བའི་ཀློང་ན་བསླབ་བྱ་བློར་འཛིན་གྱིན་ཡོད་པ་མཐོང་དུས། ངས་ནི་ཁྱེད་ཅག་གི་གཞུང་དྲང་གི་གཤིས་རྒྱུད་དང་དགེ་སློབ་བར་གྱི་དམ་ཚིག་གཙང་མའི་དྲོད་ཁོལ་ཚོར་ཏེ་སེམས་གཏིང་ནས་ཡིད་འགུལ་ཐེབས་མྱོང་། ནད་ཡམས་དང་བཀག་སྡོམ་གྱིས་ང་ཚོའི་བར་ཐག་ཡུལ་གྱིས་བསྐལ་བར་བྱས་ནའང་། ཁྱེད་ཚོའི་སློབ་སྦྱོང་གི་བརྩོན་སེམས་དང་འཚོལ་སྙེག་གི་སྙིང་སྟོབས་ནམ་ཡང་ཞུམ་དུ་འཇུག་མ་ཐུབ་པ་ནི་ཁྱེད་ཚོས་བླངས་པའི་རྒྱལ་ཁ་དང་བོ་རེད།
ནད་ཡམས་འཇའ་ལྟར་ཡལ་ཅིང་བཀག་སྡོམ་གྱི་ཐག་པ་ལྷོད་ཚེ། ང་ཚོ་ཡང་བསྐྱར་མ་ཡུམ་སློབ་གླིང་གི་པང་ཁུག་ནས་འཛོམས་ཏེ་མུ་མཐུད་ཤེས་རིག་གི་འོ་ཞོ་འཐུང་བའི་སྐལ་བཟང་ལྡན་པར་གྱུར་ལ། ཐོས་བརྩོན་གྱི་གཤོག་ཟུང་བརྐྱངས་ཏེ་ཤེས་བྱ་ཡི་གནམ་འཕངས་ཡུད་ཀྱིས་སྟོད་བཞིན། བསླབ་བྱ་ཡི་འགྲན་སྡུར་རེ་རེའི་སྐབས་སུ་རྒྱལ་ཁ་ཡི་བྱ་དགའ་ཨང་དང་བོ་མང་བོ་མང་བོ་ཞིག་ཚེགས་མེད་དུ་བླངས་པ་ནི་ཁྱེད་ཅག་ལ་ཐོབ་པའི་གཡུར་དུ་ཟ་བའི་གྲུབ་འབྲས་གཉིས་པ་རེད།
སློབ་གསེང་གི་ཆེས་སྤྲོ་སྐྱིད་ལྡན་པའི་བྱ་འགུལ་ལམ་འཇོན་ནུས་སྟོན་པའི་བྱེད་སྒོ་སྟེ། ལུས་རྩལ་དང་རིག་རྩལ་གྱི་འགྲན་སྡུར་རེ་རེའི་སྐབས་སུ་ཁྱེད་ཚོས་ཁྱད་འཕགས་ཀྱི་འཇོན་ཐང་དང་ཐུན་མིན་གྱི་རྩལ་ནུས་ངོམས་ཏེ་གསེར་གྱི་རྟགས་མའི་བྱ་དགའ་ཨང་དང་བོ་རབ་དང་རིམ་པར་བླངས་པས། འཛིན་གྲྭ་གཞན་དག་གིས་ཁྱེད་ཚོར་“གསེར་གྱི་འཛིན་གྲྭ་”ཞེས་གདེང་འཇོག་དང་ཆེ་བསྟོད་ཀྱི་ཆོ་ལོ་བསྩལ་ཡོད་ལ། ངས་ནི་དེའང་ཁྱེད་ཅག་གིས་དགེ་སློབ་རྣམ་པར་ཡིད་དགའ་བའི་མིག་གི་དགའ་སྟོན་དང་ཐུགས་དགྱེས་པའི་དད་པའི་མཆོད་སྤྲིན་སྤྲོས་པ་རེད་སྙམ་ཞིང་། ང་ནི་མཇུག་གི་ཐ་མར་ལུས་རྒྱུར་མི་དགའ་ལ་སྔོན་གྱི་ཨང་དང་བོ་རྩོད་ལེན་བྱ་རྒྱུར་ཡང་མོས་པ་དེ་ཙམ་མེད་མཁན་ཞིག་ཡིན་ནའང་། ཁྱེད་ཚོས་ནམ་རྒྱུན་ཨང་དང་བོའི་རྟགས་མ་བླངས་ནས་ཡོང་ཐེངས་རེ་རེར་ངའི་སེམས་སུ་ཁྱེད་ཚོར་མཐར་ཕྱིན་གཉིས་པ་ཚང་ཟེར་བ་ལས་“ཨང་དང་བོ་ཚང་”ཟེར་ན་དོན་ལ་གནས་སྙམ་སྟེ་ཧ་ཅང་དགའ་སྤྲོ་སྐྱེས་མྱོང་། དེ་བཞིན་ཁྱེད་ཚོའི་ཁྱིམ་བདག་དག་གིས་ཀྱང་ཁྱེད་ཅག་གི་འབད་བརྩོན་དང་གྲུབ་འབྲས་འདི་དག་མཐོང་ཐེངས་རེ་རེར་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་ཁ་གཡང་དང་སྨོན་འདུན་གྲངས་མེད་བསྐུར་ཡོང་བ་དེས། ཁོང་ཚོའི་སེམས་སུའང་རང་རང་གི་བུ་ཕྲུག་དག་སྐྱེལ་སའི་སློབ་གྲྭ་འདི་གཏན་ནས་ནོར་མི་འདུག་ལ། རང་གི་སྙིང་ནས་བརྩེ་བའི་གཅེས་ཕྲུག་ཁྱོད་ཚོ་ངོ་མ་ངར་བ་ཏག་ཏག་རེད་སྙམ་གྱིན་ཡོད་པ་ཚོར་ཐུབ། མདོར་ན་ཨང་དང་བོའི་གསེར་གྱི་རྟགས་མ་དེ་དག་ནི་ཁྱེད་ཚོས་བླངས་ཏེ་དགེ་རྒན་དང་ཁྱིམ་བདག་རྣམས་ལ་ཕུལ་བའི་རྒྱལ་ཁའི་གཟེངས་རྟགས་གསུམ་པ་རེད།
འདི་ལྟར་ང་ཚོ་དཀའ་སྡུག་དང་ཉེན་ཁའི་འགག་འཕྲང་དེ་དག་གི་མདུན་ནས་དཔའ་མ་ཞུམ། སྙིང་མ་ཤོར། སྒྱིད་མ་ལུག་པར་འབད་བརྩོན་གྲངས་མེད་དང་རྒྱུན་སྐྱོང་མུ་རུ་བྱས་ནས་དེ་རིང་གི་བར་དུ་སྟེ། སློབ་མཐར་ཕྱིན་པའི་རྒྱལ་ཁའི་ཉིན་མོ་འདིར་བསླེབས་བྱུང་བ་ནི་ཇི་འདྲའི་དགའ་འོས་པའི་དོན་བཟང་ཞིག་རེད་ཨང་། ཐམས་ཅད་དགའ་ན་དགེ་བ་དང་། ཕ་མ་དགའ་ན་དྲིན་ལན་ཡིན་ཟེར་བའི་དཔེ་བཞིན། ཁྱེད་ཚོས་དགའ་བའི་དགའ་རྟགས་མང་བོ་བླངས་ཤིང་། རྒྱལ་ཁའི་ངང་ནས་སློབ་མཐར་ཕྱིན་པ་ནི་ཕ་དང་དགེ་རྒན་ལ་ཕུལ་བའི་དྲིན་བཟོའི་ལེགས་སྐྱེས་ཡིན་ལ། སློབ་གྲོགས་ཐམས་ཅད་ལ་བཞག་པའི་བརྗེད་མེད་ཀྱི་དྲན་རྟེན་ཡིན་པས། དགེ་བ་ཅི་ཡོད་རང་གཞན་སེམས་ཅན་ཐམས་ཅད་བདེ་བའི་རྒྱུ་རུ་བསྔོས་ན་འགྲིག་ཨང་།
ངས་ནམ་རྒྱུན་ཁྱེད་ཚོར་སྐྱེས་ཕོ་རབ་ཅིག་ཡིན་ན་དཀའ་ཁག་ལ་གདོང་གཏད་ཕོད་པ་དང་། དཀའ་སྡུག་ལས་རྣམ་པར་རྒྱལ་ཐུབ་དགོས་ལ། རྒྱལ་ཁ་ནི་འབད་བརྩོན་ཅན་ལ་དབང་ཞིང་། གོ་སྐབས་ནི་གྲ་སྒྲིག་ཅན་ལ་འཐོབ་ཅེས་བཤད་མྱོང་བ་བཞིན། ཁྱེད་ཅག་གིས་དཀའ་སྡུག་དང་ཉེན་ཁའི་འགག་འཕྲང་དུ་མ་སྙིང་རུས་ཆེན་པོ་དང་འབད་བརྩོན་ལྷོད་མེད་ཀྱིས་བརྒལ་ཏེ། ད་ནི་རང་ལ་དབང་བའི་ཤེས་རིག་གི་ནོར་བུ་རྙེད་ཅིང་། དེ་རིང་དངོས་སུ་རྒྱལ་ཁའི་མཐར་ཕྱིན་དཔང་ཡིག་ལེན་པའི་གོ་སྐབས་བཟང་བོ་འདི་ཐོབ་བྱུང་བ་རེད། དེས་ན་མ་འོངས་པར་ཡང་ཁྱེད་ཅག་སྤྱི་ཚོགས་ཀྱི་གྲུ་ག་སོ་སོར་བསྐྱོད་དུས། དཀའ་སྡུག་དང་འགལ་རྐྱེན་གང་ལ་འཕྲད་ཀྱང་། ཞུམ་མེད་ཀྱི་སྙིང་སྟོབས་བསྐྱེད་དེ་ལྷོད་མེད་ཀྱི་བརྩོན་པ་བསྟེན་ན། རྒྱུ་འབྲས་དང་ཆོས་ཉིད་ཀྱི་མཐུ་ནུས་བཙན་པོས་ཁྱེད་ཅག་ལ་གྲུབ་འབྲས་དང་རྒྱལ་ཁ་སྩོལ་ངེས་ཡིན་ལ། འདི་ནི་ངའི་མི་ཚེའི་ཉམས་མྱོང་དང་འཚོ་བའི་མན་ངག་ཀྱང་ཡིན་ནོ།།
སྤྱིར་ན་ང་རང་ཁྱེད་ཚོའི་འཛིན་བདག་གི་མིང་ཙམ་འཛིན་པའི་དགེ་རྒན་དཀྱུས་མ་ཞིག་ཡིན་པས། ལོ་ངོ་འདི་དག་གི་རིང་ལ་ངས་ཁྱེད་ཚོར་དགོས་ངེས་ཀྱི་ཤེས་བྱའི་ནང་ནོམ་ཅི་ཡང་སྟེར་ཐུབ་མེད་ཀྱང་། ནམ་རྒྱུན་ཁྱེད་ཚོར་ངོ་མདོག་གནག་སྟེ་ཁ་ལོག་དང་ཚིག་ལོག་མང་བོ་བརྒྱབ་མྱོང་ཡོད། དེ་ལ་ངས་གསལ་བཤད་མ་བྱས་ཀྱང་ཁྱེད་ཚོའི་རྣམ་འགྱུར་གྱིས་རང་རང་གི་མཁྲིས་ནད་ལ་ཕན་པའི་སྨན་ཏིག་ཏ་བཙན་པོ་མ་ལྟ་བུར་ངོས་ཟིན་ཡོད་པ་ཤེས་ཐུབ། ང་ལ་ཁྱེད་ཚོར་སློབ་རྒྱུའི་ཡོན་ཏན་དང་ཁྱེད་ཅག་གསོ་སྐྱོང་བྱ་ཐབས་ཀྱི་འཇོན་ནུས་ཅི་ཡང་མེད་ཀྱང་། ངས་ལྷག་བསམ་ཟོལ་མེད་ཀྱིས་སློབ་དཔོན་རྣམ་པའི་མངགས་བཅོལ་བཞིན་ཡང་དག་པའི་ཐོན་མིའི་སློབ་གསོའི་དགོངས་པའམ་ལྟ་བའི་གཟུངས་གཞུག་དང་། ཁ་ཕྱོགས། དམིགས་ཡུལ་སོགས་བརྒྱུད་སྤྲོད་བྱ་ཅི་ཐུབ་བྱས་ཏེ། སློབ་དཔོན་རྣམ་པའི་ཐུགས་རེ་དང་འོས་འགན་སོགས་ངོ་སྤྲོད་པའི་མཚམས་སྦྱོར་མཁན་ཙམ་གྱི་བརྟུལ་ཞུགས་དང་དུ་བླངས་པ་ཡིན་མོད། ཁྱེད་ཅག་གིས་ནམ་རྒྱུན་ངས་རེ་བཞག་ས་ནས་ལོང་རྡིབ་ཏུ་མ་བཅུག་པ་ནི། ངས་ནམ་ཡང་མཛེས་སྡུག་གི་ཕྱིར་དྲན་ཞིག་ཏུ་སྒོམ་གྱིན་ཡོད། བཀའ་དྲིན་ཆེ། བརྩེ་བའི་སློབ་བུ་ཚོ། ང་ཚོ་ཁ་འབྲལ་ལ་ཉེ་བའི་ཉིན་འདི་ཚོར་ངའི་སེམས་གཏིང་ནས་སྐྱོ་བ་ཚད་མེད་ཅིག་སྐྱེས་འོངས་ལ། གྱེས་གཏམ་འདི་འབྲི་བཞིན་པའི་སྐབས་སུའང་དགའ་སྐྱོ་འདྲེས་མའི་ཚོར་བ་བཙན་པོ་ཞིག་གིས་ནང་སེམས་བསྒུལ་ཏེ་མིག་མཐའ་བརླན་ཡོང་། དེ་ནི་ང་ཚོའི་བར་ཐག་སྦྲེལ་བྱེད་ཀྱི་ལྷད་མེད་བརྩེ་བའི་ཆུ་རྒྱུན་རིང་མོ་དེ་ཡིན་ངེས། གནས་སྐབས་ཀྱི་གྱེས་བྲལ་འདི་དེ་འདྲའི་བཟོད་དཀའ་བ་ཞིག་ཡིན་ན། མི་ཚེའི་བཤུལ་ལམ་རིང་མོར་ཡང་ང་ཚོས་བརྩེ་བ་འདི་ལ་ནམ་ཡང་གཅེས་སྤྲས་བྱས་ཏེ་ཕན་ཚན་སྙིང་གི་དཀྱིལ་དུ་ཉར་འོས་པའི་མི་ཚེའི་ཚེ་ནོམ་དུ་བསམ་ཆོག་ཨང་།
ལས་མ་བྱས་པ་དང་མི་འཕྲད་ཅིང་། བྱས་པ་ཆུད་མི་ཟ་བའི་བདེན་དོན་དང་གནས་ལུགས་འདིའི་དབང་གིས། ང་ཚོ་རྨ་ཁུག་གཉིས་པའི་ཤེས་རིག་གི་གླིང་ག་འདི་ནས་འཛོམས་ཤིང་། ངས་མི་ཚེའི་དུས་ཚོད་མང་ཤོས་ཁྱེད་ཚོའི་ཐོག་ཏུ་བསྟིམས་ཤིང་། ཁྱེད་ཚོ་ཁོ་ན་རང་གི་གཟི་བརྗིད་དང་ལ་རྒྱར་བསྒོམས་ཏེ། རྒས་པའི་ཚེ་ནའང་ཁྱེད་ཅག་གི་འཚར་ལོངས་དང་གྲུབ་འབྲས་ལ་ཕྱི་མིག་འཕེན་སྲིད་ཅིང་། མ་མཐའ་ཁྱེད་ཅག་རང་རང་གི་འཇིག་རྟེན་ན་སྐྱིད་ཅིང་བདེ་ནས་འཚོ་བཞིན་ཡོད་པ་ཤེས་ན་ངའི་ཡིད་དེ་གས་ཚིམ་འགྲོ། མཐར་ཁྱེད་ཚོར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཅོལ་རྒྱུའི་རེ་བ་དང་བཤད་རྒྱུའི་ཁ་ཏ་འགའ་ཤས་ཡོད་པ་ནི། མ་འོངས་པར་ཡང་ཁྱེད་ཚོས་དཀའ་སྡུག་ལ་མགོ་མ་སྒུར་དང་། རྒྱལ་ཁ་མདུན་ན་ཡོད། འབད་བརྩོན་དང་སྙིང་རུས་བསྐྱེད་དང་། གྲུབ་འབྲས་ལག་ན་ཡོད། ང་རྒྱལ་དང་ཁེངས་སེམས་མ་སྐྱེས། དར་རྒུད་ལ་ངེས་པ་མེད། ཁྲེལ་དང་ངོ་ཚ་མ་འདོར། རང་གི་མི་ཚེའི་མཛེས་རྒྱན་ཡིན། རྒྱུ་འབྲས་དང་གནས་ལུགས་རྩིས་དང་། རང་གི་འདོད་དོན་ལྷུན་གྱིས་འགྲུབ་ཡོང་། དད་པ་དང་སྙིང་རྗེ་མ་འདོར། རང་གི་ཁྱད་ནོར་ཡིན། བཟོད་པ་དང་བསམ་ཤེས་སྒོམས་རོགས། རང་ཉིད་སྲུང་བའི་གོ་ཆ་ཡིན། ཁ་ལག་གཉིས་ལ་བདག་དམ་བྱོས་དང་། ཆག་སྒོ་དང་ཁ་མཆུས་མི་ཚུགས། ཤེས་རིག་དང་དཔལ་ཡོན་གཉིས་ཀར་མ་འབྲལ། རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་སྲོག་རྩ་ཡིན། དཔེ་ཆ་དང་སྨྱུ་གུ་མ་སྐྱུར། རྒྱང་བཞུད་ཀྱི་ལམ་ཆས་ཡིན། དགེ་རྒན་དང་སློབ་གྲོགས་མ་བརྗེད། འཚོ་བའི་དཔུང་རོགས་ཡིན། ཕ་སྐད་དང་བོད་ལྭ་མ་འདོར། བོད་པར་སྐྱེས་པའི་མཚོན་རྟགས་ཡིན། ཕ་ཡུལ་དང་མི་རིགས་ལ་མ་འགལ། ཚེ་སྲོག་གི་ཁྱིམ་གཞིས་དང་བླ་སྲོག་གི་བསྟི་གནས་ཡིན། སྙིང་གི་གཅེས་ཕྲུག་ཚོ། གནས་སྐབས་བདེ་མོ་བྱོས། མཐར་ཁྱེད་ཅག་གི་བསམ་པའི་དོན་འགྲུབ་ཅིང་འདོད་པའི་རྩེ་གང་བ། ལོ་བརྒྱར་འཚོ་ཞིང་སྟོན་བརྒྱ་མཐོང་ཐུབ་ལ། བདེ་སྐྱིད་རྫོགས་ལྡན་གྱི་འཚོ་བ་གསར་བར་རོལ་ཐུབ་པའི་སྨོན་ལམ་སེམས་གཏིང་ནས་འདེབས་སོ།།
ཞེས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་གྲལ་མཐའ་བ་བླ་ནག་པ་སྐལ་ལྡན་རྒྱ་མཚོའམ་གཟི་མིག་གསུམ་པར་འབོད་པས། སྤྱི་ལོ་ཉིས་སྟོང་ཉེར་བཞི་ལོའི་དབྱར་ཟླ་དྲུག་པར་རྨ་ཁུག་གཉིས་པའི་རང་སྤྱིལ་དཔེ་མང་སྤུངས་པའི་གྲོང་ཁྱིམ་ནས་སྦྱར་བའོ།།
|