མི་ལོ་སུམ་ཅུའི་གཏམ་རྒྱུད། ལྡོང་ཡོན་ཏན་རྒྱ་མཚོ།


མི་ལོ་སུམ་ཅུའི་གཏམ་རྒྱུད།


          ལྡོང་ཡོན་ཏན་རྒྱ་མཚོ།
ཁྱུང་མགོན་འདབས་ནས་མི་ལོ་སུམ་ཅུ་བསྐྱལ།།
མི་ལོ་སུམ་ཅུར་དགའ་སྐྱོའི་གཏམ་རྒྱུད་བྲིས།།
ཆོས་རིག་སློབ་གསོར་འབད་པས་དགའ་བ་ཆེ།།
འགོག་རྒོལ་གནོན་ཤུགས་བཙན་པས་སྐྱོ་བ་མང་།།

རྨ་ཀླུང་འགྲམ་ནས་མི་ལོ་སུམ་ཅུ་བསྐྱལ།།
མི་ལོ་སུམ་ཅུར་ཐོབ་ཤོར་གཏམ་རྒྱུད་བྲིས།།
སློབ་བུ་ཁྲི་སྟོང་བསྐྱངས་པས་ཡོང་ཐོབ་བཟང་།།
མཁན་ཁྲི་དགེ་བཤེས་ཐོ་ཟུར་ལག་རྟགས་ཤོར།།

རྭ་རྒྱའི་མཐིལ་ནས་མི་ལོ་སུམ་ཅུ་བསྐྱལ།།
མི་ལོ་སུམ་ཅུར་འཕེལ་འགྲིབ་གཉིས་ཀ་བདོག །
སྐྱེས་སྦྱངས་ཡོན་ཏན་འཕེལ་ཞེས་སྨྲ་བར་སྤོབས།།
ཚོགས་ཆོས་སྒོམ་སྒྲིབ་ཉམས་ལེན་འགྲིབ་ཆ་མངོན།།

ཤེས་རིག་གླིང་ནས་མི་ལོ་སུམ་ཅུ་བསྐྱལ།།
མི་ལོ་སུམ་ཅུར་ཉམས་མྱོང་མི་ཁ་བསགས།།
ལས་སྒྲུབ་སློབ་བུ་བསྐྱངས་པའི་ཉམས་མྱོང་ཟབ།།
དྲང་ལྡོག་མི་ཁ་བཙན་པོས་ཡང་ཡང་གཙེས།།

རང་ལ་གསལ་བ་རང་གི་བསམ་བློ་སྟེ།།
དཀར་གསལ་ཟེར་ན་དཀའ་མོད་ནག་ནོག་བྲལ།།
ལས་སྨོན་རིགས་ཞེན་ཨུ་ཚུགས་ཀློང་ཡངས་ནས།།
མི་ཚེའི་ཕྱེད་ཀ་རྫོགས་ལ་འགྱོད་པ་མེད།།

ད་ནི་ཟག་བཅས་ལུས་ལ་འདུ་འཁྲུག་མང་།།
གནག་སྣུམ་སྐྲ་ལ་ཁ་བའི་ཟེགས་མ་བབས།།
ཨ་མའི་ན་ཚོད་སྐུ་ཞང་བགྲེས་ཉམས་སོགས།།
སེམས་ལ་ལྷུང་ཞིང་བཤད་སྒྲུབ་འདུས་གླིང་དྲན།།

གཡའ་སྤང་མཚམས་ཀྱི་རྡོ་ཡི་ལྷ་ཁང་ངམ།།
ཆོས་རིག་དགའ་ཚལ་རྒྱས་པའི་དཀྱིལ་འཁོར་ནས།།
དྲན་ཤེས་མེ་ལོང་སེམས་ལ་སྐོར་བཞིན་དུ།།
ཆོས་ལ་ཆོས་བཞིན་སྤྱོད་རྒྱུ་བྱུང་ན་བསམ།།

སུན་པ་མ་ཡིན་འཇིགས་སྣང་སྤུ་ཙམ་མེད།།
རྒུད་ན་མི་འབྲོས་དར་ན་ལྷག་པར་དགའ།།
མི་ཚེའི་སྙིང་བོ་རྙེད་སའི་ཤེས་རིག་གླིང་།།
ཚེ་རབས་ཕྲེང་བར་སྦྲེལ་བའི་གནས་མལ་ཡིན།།

          ༢༠༢༤-༧-༣

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-07-06 ལྟ་ཀློག (781)