​རྒྱལ་སྲུང་པུས“ཐའེ་ཝན་རང་བཙན”ཟེར་བར་རྒོལ་གཏམ་དྲག་ནན་བཏང་བ།

རྒྱལ་སྲུང་པུས“ཐའེ་ཝན་རང་བཙན”ཟེར་བར་རྒོལ་གཏམ་དྲག་ནན་བཏང་བ།

      ཟླ་5ཚེས་24ཉིན། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཝུའུ་ཆན་གྱིས་ཤར་རྒྱུད་འཐབ་ཁུལ་གྱིས་ཐའེ་ཝན་གླིང་ཕྲན་མཐའ་འཁོར་དུ་མཉམ་འབྲེལ་ནང་སྦྱོང་བྱས་པའི་སྐོར་ལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

     གསར་འགོད་པ་ཞིག་གིས། ཉེ་ཆར་ཤར་རྒྱུད་འཐབ་ཁུལ་གྱིས་ཐའེ་ཝན་གླིང་ཕྲན་མཐའ་འཁོར་དུ་མཉམ་འབྲེལ་ནང་སྦྱོང་བྱས་ཡོད། ཨ་རིའི་དམག་དཔོན་གྱིས་བྱེད་སྟངས་དེས་ཐའེ་ཝན་མཚོ་འགག་གི་དུས་བབ་ཛ་དྲག་ཏུ་བཏང་ཡོད་པས་མི་རྣམས་ལ་སེམས་ཁྲལ་བཟོས་ཡོད་ཅེས་བཤད་ཡོད། འདིའི་ཐད་ལན་ཆ་ཅི་ཞིག་བྱེད་དམ་ཞེས་དྲིས་པ་རེད། ཝུའུ་ཆན་གྱིས། ཉེ་ཆར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཤར་རྒྱུད་འཐབ་ཁུལ་གྱིས་འཐབ་ཁུལ་གྱི་སྐམ་དམག་དང་། མཚོ་དམག མཁའ་དམག མེ་སྒྱོགས་དམག་སོགས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ནས་ཐའེ་ཝན་གླིང་ཕྲན་མཐའ་འཁོར་དུ་མཉམ་འབྲེལ་ནང་སྦྱོང་བྱས་ཏེ། དཔུང་སྡེའི་མཉམ་འབྲེལ་དམག་འཐབ་ཀྱི་དངོས་འཐབ་ནུས་པར་ཞིབ་བཤེར་བྱས་ཡོད། ད་ཐེངས་ཀྱི་བྱ་སྤྱོད་ནི“ཐའེ་ཝན་རང་བཙན”ཟེར་བའི་རྫིག་ངར་ལ་རྡུང་རྡེག་གཏོང་ཆེད་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ཟིལ་གནོན་བྱེད་ཆེད་ཡིན་པས། དེ་ནི་རྦད་དེ་ལུགས་མཐུན་ཁྲིམས་མཐུན་དང་། བབ་འོས་དགོས་ངེས་ཤིག་ཡིན། ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པས་འགན་འཁུར་མ་ཐག་ཀྲུང་གོ་གཅིག་གི་རྩ་དོན་ལ་འགྲན་སློང་ཚབས་ཆེན་བྱས་ཏེ། “རྒྱལ་ཁབ་གཉིས་སྨྲ་བ”འཛེམ་བག་མེད་པར་སྤེལ་བ་དང་། “དྲག་ཤུགས་ལ་བརྟེན་ནས་རང་བཙན་དོན་གཉེར”དང“ཕྱི་ཕྱོགས་ལ་བརྟེན་ནས་རང་བཙན་དོན་གཉེར”བྱེད་པའི་རེ་ངན་བཅངས་ནས། སྤུན་ཟླ་ཐའེ་ཝན་བ་དམག་འཐབ་དང་ཟིང་འཁྲུག་གི་ཉེན་ཁའི་གནས་སུ་བསྐུལ་བཞིན་ཡོད། འདི་ནི་མེ་ལ་རྩེད་མོ་རྩེ་བ་རང་ཡིན་པས། མཐའ་མར་རང་ཉིད་འཚིག་རྒྱུ་ངེས་གཏན་ཡིན། ཐའེ་ཝན་ནི་ཀྲུང་གོའི་ཐའེ་ཝན་ཡིན་པས། ཐའེ་ཝན་གྱི་གནད་དོན་ཇི་ལྟར་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་རང་ཉིད་ཀྱི་བྱ་བ་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོབ་བྱེད་ཀྱི་ཡོད། “ཐའེ་ཝན་རང་བཙན”ཟེར་བས་འཁྲུག་རྐྱེན་ཐེངས་གཅིག་བསླངས་ན། ང་ཚོས་མེས་རྒྱལ་ཡོངས་སུ་གཅིག་གྱུར་མ་ཡོང་བར་གོམ་གང་མདུན་སྤོས་ཀྱིས་རྒོལ་ལན་ཐེངས་རེ་སློག་ངེས་ཡིན་ཞེས་བསྟན་ཡོད་པ་རེད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-05-29 ལྟ་ཀློག (360)