༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན། ཁག་བཅུ་བ།


༄༅།། ནང་བ་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་ལམ་སྟོན།

བཛྲ་ཚུལ་ཁྲིམས་རྒྱ་མཚོ། (བླ་བྲང)

 དཔྱད 」གླེང་བསླངས་པའི་གཏམ། ༡

ལེའུ་དང་པོ། རྩོམ་འདི་འབྲི་བའི་ཀུན་སློང་།

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་དང་པོ། ༢

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གཉིས་པ། ༣ 

「 དཔྱད 」རྩོམ་འདི་འབྲི་བའི་ཀུན་སློང་གསུམ་པ།  ༤

ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།

 དཔྱད 」ནང་བསྟན་གྱི་ཁྱད་ཆོས། 

 「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༢ - ༣

 「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༤ - ༥

 「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༦ - ༧ 

「 དཔྱད 」ནང་བསྟན་གྱི་ཁྱད་ཆོས། ༨ - ༩

ལེའུ་གཉིས་པ། ནང་བསྟན་གྱི་ཁྱད་ཆོས་བསྟན་པ།
༡༠

བཅུ་བ། དམངས་གཙོ་རང་དབང་གཞན་ལས་ལྷག་པའི་ཁྱད་ཆོས་བཤད་པ།    རྒྱལ་ཁབ་ཕྱི་ནང་ཀུན་དང་འགྲོ་བ་མཆོག་དམན་སུ་ཡིན་ཡང་དམངས་གཙོའི་རང་དབང་དོན་གཉེར་ལ་མི་དགའ་བ་གཅིག་ཀྱང་མེད་ལ། ད་ལྟ་འཛམ་གླིང་ཡངས་པའི་གོ་ལ་ཟླུམ་པོའི་སྟེང་དུ་དམངས་གཙོ་དང་རང་དབང་ཞེས་པའི་གཏམ་འདི་རླུང་ལྟར་སྒྲོག་ཀྱང་དོན་དམ་པར་ལག་བསྟར་བྱེད་མཁན་ཤིན་ཏུ་ཉུང་ཞིང་ཁོ་ཚོས་དོན་དུ་གཉེར་བྱའི་རང་དབང་གི་ཁྱབ་ཁོངས་ཀྱང་། ལུས་ཕུང་དང་གནས་ཁང་། ཚོང་ལས་དང་ཚོགས་འཛུགས། གཏམ་བརྗོད་དང་གསར་འགྱུར། དཔར་བསྐྲུན་དང་དད་མོས། བསམ་བློའི་རང་དབང་ཙམ་ལས་གཞན་དུ་མེད་པས་ཁྱབ་ཆུང་ཞིང་བློའི་དམིགས་ཚད་ཀྱང་ཤིན་ཏུ་དམའ་ཞིང་མཐར་མ་ཐུག་པ་དང་མ་རྫོགས་པ་འབའ་ཞིག་ཏུ་ཟད་དོ།།    ནང་བའི་ཆོས་ལུགས་ཀྱི་རང་དབང་ནི་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་སྟེ། རང་དབང་དེ་ཕྱི་རོལ་ལ་བཅོལ་བ་ཙམ་མིན་པར་རང་སྟེང་ནས་བསྒྲུབ་དགོས་ལ། དེ་ཡང་མཐར་ཐུག་པའི་རང་དབང་ཡིན་པས་སོ།། རང་སྟེང་གི་དབང་བོ་དྲུག་གི་རང་དབང་ལྟ་བུར་མཚོན་ན་དངོས་དོན་དང་མཐུན་པ། གང་གིས་མ་བཅིང་བ་གང་གིས་ཀྱང་མ་བསྒྲིབས་པ་མཐར་ཐུག་པར་བྱེད་དེ། མིག་ལ་མཚོན་ན་ལྟ་བའི་རང་དབང་གཞན་གྱིས་བྱིན་ཡང་ཅིའི་ཕྱིར་རང་ཅག་གི་མིག་གིས་གློག་ཁབ་ལེན་གྱི་རླབས་ཕྲེང་ (电磁波) ལས་འོད་རླབས་ཐུང་ངུ་ཙམ་མ་གཏོགས་སྨུག་མདོག་གི་ཕྱི་དང་དམར་མདོག་གི་ནང་དུ་གྱུར་པའི་བར་གྱི་འོད་རླབས་མཐོང་མི་ཐུབ་ཅིང་ཚ་རླབས་སྐུད་མེད་གློག་རླབས་མི་མཐོང་བ་ཡིན། ཅིའི་ཕྱིར་དྲ་སྐྱའི་ལྡོག་གཟུགས་ཙམ་ལས་འོད་རླབས་དངོས་སུ་མཐོང་མི་ཐུབ། ཅིའི་ཕྱིར་སྐར་མའི་གོ་ལ་སོ་སོའི་སྟེང་གི་རི་ལུང་སེམས་ཅན་སོགས་མི་མཐོང་། ཅིའི་ཕྱིར་གློག་རྡུལ་གྱི་སྙིང་བོ་དང་འཇིག་རྟེན་འཕྲོ་ཐིག ཁབ་ལེན་ཤུགས་ཐིག་རྣམས་མི་མཐོང་། ཅིའི་ཕྱིར་འདས་མ་འོང་གི་བྱ་བ་མི་མཐོང་། ཅིའི་ཕྱིར་གང་ཟག་ཐམས་ཅད་ཀྱིས་མཐོང་ཚད་མི་མཐོང་། ཅིའི་ཕྱིར་ཡུལ་དང་མ་འཕྲད་པར་མི་མཐོང་། དེས་ན་དེ་སྒྲིབ་བྱེད་ཀྱི་དྲི་མ་མཐའ་དག་དང་བྲལ་བའི་མཐར་ཐུག་གི་རང་དབང་དེ་དོན་དུ་གཉེར་བྱ་དང་། རྣ་དབང་ལ་མཚོན་ན་ཅིའི་ཕྱིར་ཕལ་བའི་རྣ་དབང་འདིས་འགུལ་ཚད་ཉི་ཤུའི་མན་དང་ཉི་ཁྲི་ཡན་གྱི་སྒྲ་རླབས་མི་ཐོས། ཅིའི་ཕྱིར་འཛམ་གླིང་ཡོངས་རྫོགས་ཀྱི་སྐད་དང་འཇིག་རྟེན་ཡོངས་རྫོགས་ཀྱི་སྒྲ་མི་ཐོས། ཅིའི་ཕྱིར་ཆ་རྡུལ་གཡོས་པའི་སྒྲ་མི་ཐོས། ཅིའི་ཕྱིར་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་སྐད་གདངས་མི་ཐོས། ཅིའི་ཕྱིར་སྒྲ་རླབས་དང་བྲལ་བའི་གཞན་ཞིག་མི་ཐོས། ནང་བའི་དོན་དུ་གཉེར་བྱའི་རྣ་བའི་རང་དབང་ནི་མཐར་ཐུག་གི་རང་དབང་ཞིག་ཡིན་ལ། དེ་བཞིན་དུ་ལུས་ལ་མཚོན་ན་ཅིའི་ཕྱིར་ས་སྙིང་འཐེན་ཤུགས་དང་བྲལ་ཏེ་མཁའ་དབྱིངས་སུ་སྐོར་བ་དང་གོ་ལའི་བར་འགྲོ་འོང་མི་ནུས། ཅིའི་ཕྱིར་རང་མོས་ལྟར་སྤྲུལ་བསྒྱུར་དང་རང་འདོད་བཞིན་སྐབས་འགར་ཆེ་བ་དང་། སྐབས་འགར་ཆུང་བར་བསྒྱུར་ཏེ་ཆེ་བ་མཁའ་དང་མཉམ་ཞིང་། ཆུང་བ་རྡུལ་ཕྲན་གྱི་སྙིང་བོ་ལ་འཛུལ་ནུས་པ་སོགས་བྱེད་མི་ནུས། སེམས་ལ་མཚོན་ན་ཅིའི་ཕྱིར་རང་ཅག་ཕལ་བའི་སེམས་ཀྱིས་ཕྱོགས་བཅུ་དུས་གསུམ་གྱི་བྱ་བ་མཐའ་དག་གི་འགྱུར་ལྡོག་དང་འགྲོ་བ་མ་ལུས་པའི་བསམ་པ་མི་ཤེས། ཅིའི་ཕྱིར་སྐྱེ་རྒ་ན་འཆི་དང་སྡུག་བསྔལ་བརྒྱད་ཀྱི་འཆིང་རྒྱ་ལས་མི་ཐར། ཅིའི་ཕྱིར་ཏུའུ་བཞི་ཡན་ཆད་ཀྱི་བར་སྣང་གནས་ཚུལ་མི་ཤེས་སོགས་ཁྱོད་ཀྱིས་ཞིབ་པར་བསམ་བློ་ཐོངས་དང་རང་དབང་དེ་རང་སྟེང་ནས་འཚོལ་དགོས་པ་ནང་ཆོས་ལས་གསུངས་པ་ལ་སྔར་མེད་པའི་དད་པ་འགོག་མེད་དུ་སྐྱེ་བར་འགྱུར་རོ།།    

གལ་ཏེ་ནང་བསྟན་ལས་དེ་ལྟ་བུའི་རང་དབང་དོན་དུ་གཉེར་བྱར་བསྟན་ཡོད་ན་གཞན་མགོ་བསྐོར་བའི་སྟོང་བཤད་ཙམ་ལས་དོན་དངོས་སུ་ནམ་ཡང་འཐོབ་ཐབས་མེད་པའི་ལུགས་དང་མི་མཐུན་པའི་སྟོང་སྣང་ཞིག་གོ་ཞེས་འདོད་ན། རིགས་སྨྲ་དབང་བོ་ཁྱོད་ལ་སྒྲུབ་བྱེད་ཅི་ཡོད་ལགས། རོ་མངར་བ་དང་ལྡན་པ་ནི་སྦྲང་རྩི་ཁོ་ན་ལས་གཞན་མེད་པར་མ་འཛིན་ཅིག་དང་ལྕེ་དབང་གི་ལོངས་སྤྱོད་ཇེ་མང་དུ་འགྲོ་བར་འགྱུར་རོ།། དེས་ན་གོང་དུ་བཤད་པའི་རང་དབང་འཐོབ་མ་ཐུབ་པའི་རྒྱུ་མཚན་ནི་ཕྱིའི་ཁོར་ཡུག་དང་གཞན་གྱིས་གོ་སྐབས་མི་སྟེར་བས་ལན་པ་མ་ཡིན་ཏེ། རང་རྒྱུད་ཀྱི་ཉོན་མོངས་པའི་དྲི་མས་ཡོངས་སུ་བསྒྲིབས་པ་ཡིན་ལ། ནམ་ཞིག་ཉོན་མོངས་སྦྱོང་བྱེད་ཀྱི་ཐབས་ལ་བརྟེན་ནས་དྲི་མ་མཐའ་དག་ཟད་པར་སོང་ཚེ། དེ་ལྟའི་རང་དབང་འཐོབ་པར་འགྱུར་ལ། སེམས་བདེན་སྟོང་དང་དྲི་མ་གློ་བུར་བ་ཡིན་པས་འབྲལ་རུང་དུ་སྔར་བསྒྲུབས་ཟིན་ཅིང་། ད་སྐབས་འཛམ་གླིང་དུ་སྐྱེ་བ་སྔ་ཕྱི་དྲན་པ་དང་ལོ་མང་བོའི་བར་གསོན་པོར་ས་འོག་ཏུ་སྦས་ཀྱང་ཅི་ཡང་མ་གནོད་པ་དང་། སྤྲུལ་བསྒྱུར་ནུས་པ་དང་རྣ་བས་མིག་གི་བྱ་བ་བསྒྲུབ་ནུས་པའི་མི་ཡ་མཚན་པ་མང་དུ་བྱུང་བ་གསར་འགྱུར་ལ་དངོས་སུ་བཀོད་དེ་ཀུན་ལ་ར་འཕྲོད་བྱུང་བས་ཀྱང་ནང་བའི་གཞུང་ལུགས་དང་རིགས་པ་ནི་ཚན་རིག་ལས་ཀྱང་ཚན་རིག་ཏུ་གོ་བར་ནུས་སོ།།

    གཞན་གྱི་ཆོས་ལུགས་ལ་ཁོ་ཚོའི་ལྷ་དང་སྟོན་པས་བཤད་པའི་གཏམ་ནི་བཟློག་ཏུ་མེད་པའི་བཀའ་དང་། ཐེ་ཚོམ་ཟ་མི་རུང་བའི་གནས་ལུགས་ཡིན། གལ་ཏེ་སུ་ཞིག་ཐེ་ཚོམ་དང་རྟོག་དཔྱོད་ཀྱིས་ཞུགས་ན། ཁོ་ཐུགས་ཁྲོས་ཏེ་ཆད་པ་དྲག་པོས་དམྱལ་བར་འཕེན་པར་བཤད། ནང་བའི་ལུགས་ལ་ཁྲོ་བ་ནི་སྡིག་པ་མི་དགེ་བ་ཉོན་མོངས་པའི་བདག་ཉིད་ཅན་ཡིན་པས་སངས་རྒྱས་རྣམས་ཀྱིས་སྤངས་ཟིན་པས། སངས་རྒྱས་རྣམས་ནི་ཁྲོ་བ་མི་མངའ་བ་བརྩེ་ཞིང་བྱམས་པའི་བདག་ཉིད་ལགས་པས་སུ་གང་དག་སངས་རྒྱས་ཀྱིས་དམྱལ་བར་འཕངས་སོ་ཞེས་པ་ནང་བའི་གཞུང་དུ་མི་རྙེད་དོ།།  

  གནས་ལུགས་ནི་དམངས་གཙོ་དང་རང་དབང་གི་རྨང་གཞིའི་འོག་ཏུ་ཐོས་བསམ་སྒོམ་པའི་ཉམས་ལེན་ལ་བརྟེན་ནས་རྟོགས་སུ་འཇུག་པ་ལས་བཙན་གྱིས་བསྐུལ་བས་མི་འོང་ངོ་།། དེས་ན་བཙན་གྱིས་དང་ལེན་བྱེད་དུ་བཅུག་པ་ནི་ཆབ་སྲིད་ལས་ཆོས་ལུགས་སུ་མི་རུང་ངོ་།།   དམངས་གཙོ་དང་རང་དབང་ངོ་མ་ནི་ནང་བའི་ཆོས་ལུགས་ལས་གསུངས་པ་ལས་ལྷག་པ་ཞིག་གཏན་ནས་མི་རྙེད་པ་ཐུགས་ཀྱིས་དགོངས་ལ་ཞིབ་འཇུག་གི་སྙིང་སྟོབས། རང་ཚུགས་རང་བདག་གི་ཀུན་སྤྱོད་ལྡན་པའི་ཡ་རབས་དང་། རྣམ་དཔྱོད་བློ་གྲོས་ཡངས་པའི་མཁས་དབང་རྣམ་པས་ནང་བའི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པར་དགའ་བསུ་དང་། ནང་བའི་ཆོས་ལུགས་ཀྱི་མདུན་སྒོ་ནི་ཁྱེད་ཅག་གི་ཆེད་དུ་ནམ་ཡང་ཕྱེས་ཡོད་དོ།། ལེའུ་གཉིས་པ་རྫོགས་སོ།། 

མཁས་པའི་གྲལ་མགོ་བསྙེག་པའི་རློམ་སེམས་དེ་ངར་མེད། ། 

གཡོ་སྒྱུས་གཞན་ངོ་བསྲུང་བའི་ཟློས་གར་ངས་མི་ཤེས། ། 

མཚོན་རྩེ་མེས་པོར་གཏོད་པའི་རིག་རྩལ་ངས་མ་བསླབས། ། 

ངེས་དོན་གྲོགས་ལ་གླེང་བ་བན་རྒན་ངའི་དགའ་ཕྱོགས། ། ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

--- མུ་འགོད། ---

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2024-05-29 ལྟ་ཀློག (454)