སྙིགས་མའི་རང་མཚང་།


སྙིགས་མའི་རང་མཚང་།

 ལྡོང་ཡོན་ཏན་རྒྱ་མཚོ།
བརྩེ་བས་བསྐྱངས་ཀྱང་དོགས་པའི་མིག་གིས་བལྟ།།
དུང་བས་སྨྲས་ཀྱང་ཁྲོ་བའི་ཚིག་གིས་བསྣུན།།
བདེན་པ་བསྟན་ཀྱང་ལོག་ལྟའི་སེམས་ཀྱིས་རྒོལ།།
སྣང་ཚུལ་འདི་ལ་སྙིགས་མའི་རང་མཚང་ཟེར།།

སྐྱེས་བུ་དམ་པའི་སྐུ་དང་སྲོག་ལ་འཚེ།།
ངག་འཆལ་མཁན་པོ་ལྷ་དང་བླ་མར་བཀུར།།
བཤད་པའི་ཚིག་དང་ལས་ལ་ཡིད་རྟོན་དཀའ།།
སྣང་ཚུལ་འདི་ལ་སྙིགས་མའི་རང་མཚང་ཟེར།།


ཁ་ཁོག་མི་མཚུངས་ཆེ་ཆེ་མཐོ་མཐོར་དགའ།།

རང་ཚུགས་མི་བརྟན་ཁ་ཕོད་སྒྲོག་ལ་མཁས།།
བཀའ་དྲིན་མི་ཚོར་ཁྲེལ་དང་ངོ་ཚ་བརྗེད།།
སྣང་ཚུལ་འདི་ལ་སྙིགས་མའི་རང་མཚང་ཟེར།།

མིག་གིས་མ་མཐོང་བ་ན་མེད་ཅེས་སྨྲ།།
རྣ་བས་ཐོས་ཀྱང་ཐེ་ཚོམ་ཟ་ཁུལ་བྱེད།།
གང་ལའང་ཡིད་ཆེས་མི་བྱེད་ཤེས་རབ་དམན།།
སྣང་ཚུལ་འདི་ལ་སྙིགས་མའི་རང་མཚང་ཟེར།།

ཕྱི་ཐག་མི་རིང་གཉེན་ཉེར་དུང་བ་བྲལ།།
མི་དང་མི་འདྲེས་གཅིག་བུར་ཁ་པར་རྩེད།།
རྒྱུ་འབྲས་བསྲུང་བ་གླེན་པའི་ལས་སུ་སེམས།།
སྣང་ཚུལ་འདི་ལ་སྙིགས་མའི་རང་མཚང་ཟེར།།

ཉི་མ་རེ་ལ་གཤིས་ཀའི་རང་གདོག་འགྱུར།།
ཟླ་བ་རེ་ལ་བསམ་བློའི་ངོ་བོ་འགྱུར།།
ལོ་འཁོར་རེ་ལ་ཕྱི་ནང་བར་གསུམ་འགྱུར།།
སྣང་ཚུལ་འདི་ལ་སྙིགས་མའི་རང་མཚང་ཟེར།།

          ༢༠༢༣-༡༢-༢༦

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-12-27 ལྟ་ཀློག (402)