འཕགས་པའི་ནོར་བདུན་ནོར་བུའི་མཆོག

འཕགས་པའི་ནོར་བདུན་ནོར་བུའི་མཆོག

ལྡོང་ཡོན་ཏན་རྒྱ་མཚོ། 
སྒྲིབ་བྲལ་ཀུན་མཁྱེན་སངས་རྒྱས་དང་།།
བདེན་གཉིས་ཆོས་དང་བྱང་འཕགས་ལ།།
དད་པ་ཆུ་བོའི་རྒྱུན་བཟང་གིས།།
རང་གཞན་སེམས་རྒྱུད་གང་བར་ཤོག།

དཀོན་མཆོག་སྐྱབས་འགྲོ་དགེ་བཅུར་སྤྱོད།།
སོ་ཐར་རིས་བདུན་བཅུད་དང་ལྡན།།
བྱང་སྡོམ་གསང་སྔགས་སྡོམ་ལ་གནས།།
ཚུལ་ཁྲིམས་གཙང་མའི་དཔལ་གྱིས་མཛེས།།

ཟང་ཟིང་ནོར་ལ་འཇུངས་པ་མེད།།
འགྲོ་ཀུན་འཇིགས་བྲལ་ཞི་བར་འགོད།།
ཆོས་རིག་བདུད་རྩི་ཕངས་མེད་སྩོལ།།
སྦྱིན་གཏོང་ནོར་བུའི་མཛོད་ཀྱིས་ཕྱུག།

མི་ལྡོག་བརྟན་པའི་བརྩོན་འགྲུས་བསྐྱེད།།
ཟབ་གསལ་མྱུར་བའི་ཤེས་རབ་འཚོལ།།
རྒྱ་ཆེན་འབུམ་སྡེའི་གཞུང་ལུགས་ལ།།
ཐོས་པའི་རྒྱ་མཚོ་འཕྱུར་བར་ཤོག།

ཡི་དམ་ཆོས་སྐྱོང་མཆོད་བསྟོད་གསོལ།།
བླ་མ་སློབ་དཔོན་ཚུལ་བཞིན་བསྟེན།།
རྡོ་རྗེ་མཆེད་གྲོགས་མགྲིག་མཐུན་མཛའ།།
དམ་ཚིག་ཤེལ་སྒོང་གཙང་བར་ཤོག།

སྤྱོད་ལམ་གཙང་དགེ་ལུས་ཀྱི་དཔལ།།
བདེན་དྲང་གུས་བསྟོད་ངག་གི་དཔལ།།
བྱམས་བརྩེ་དགའ་དུང་སེམས་ཀྱི་དཔལ།།
ངོ་ཚའི་ནོར་དང་འབྲལ་མེད་ཤོག།

བླ་མའི་གསུང་བརྩི་ཕ་མར་གུས།།
དྲིན་ཅན་མི་བརྗེད་བྱས་པ་གཟོ།།
ཕྱི་ཐག་རིང་ཞིང་ཁ་ཁོག་མཚུངས།།
ཁྲེལ་གཞུང་རིང་མོས་འཚོ་བར་ཤོག།

བླང་དོར་མ་འདྲེས་དགེ་སྐྱོན་མཁྱེན།།
འཕྲལ་ཕུག་གཙོ་ཕལ་ཕན་གནོད་ཤེས།།
མཐར་ཐུག་ཆོས་ཉིད་བདེན་པ་རྟོགས།།
རང་སྟོབས་ཤེས་རབ་འཁྲུངས་པར་ཤོག།

          ༢༠༢༣-༡༡-༨

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-11-08 ལྟ་ཀློག (379)