ཀྲུང་གོ་དང་འབྲུག་ཡུལ་གྱི་མཐའ་མཚམས་གྲོས་མོལ།

ཀྲུང་གོ་དང་འབྲུག་ཡུལ་གྱི་མཐའ་མཚམས་གྲོས་མོལ་ཐེངས་ཉེར་ལྔ་པ་པེ་ཅིང་དུ་འཚོགས་འདུག 

   སྤྱི་ལོ་2023ལོའི་ཟླ་10ཚེས་23ཉིན་ནས་ཚེས་24ཉིན་བར། ཀྲུང་གོ་དང་འབྲུག་ཡུལ་གྱི་མཐའ་མཚམས་གྲོས་མོལ་ཐེངས་ཉེར་ལྔ་པ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གོ་ཕྱོགས་ཀྱི་འཐུས་མི་ཚོགས་པ་ནི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་སུན་ཝུའེ་ཏུང་གིས་སྣེ་ཁྲིད་གནང་བ་དང་།འབྲུག་ཡུལ་ཕྱོགས་ཀྱི་འཐུས་མི་ཚོགས་པ་ནི་ཕྱི་འབྲེལ་བློན་ཆེན་རྟ་མགྲིན་རྡོ་རྗེ་ཡིས་སྣེ་ཁྲིད་གནང་ཡོད་པ་རེད། 

 ཕྱོགས་གཉིས་པོས་མཐའ་མཚམས་གནད་དོན་ལ་གྲོས་བསྡུར་གཏིང་ཟབ་བྱས་ཤིང་། སྤྱི་ལོ་2016ལོའི་ཐེངས་ཉེར་བཞི་པའི་མཐའ་མཚམས་གྲོས་མོལ་བྱས་ཚུན་ཕྱོགས་གཉིས་པོའི་དབར་གྱི་མཐའ་མཚམས་གནད་དོན་ཆེད་མཁས་ཚོགས་ཆུང་གི་ཚོགས་འདུ་རབ་དང་རིམ་པའི་འཕེལ་རིམ་ལ་དོ་སྣང་བྱུང་ཡོད། ཕྱོགས་གཉིས་པོའི་ཚོགས་གཙོས་ཆེད་མཁས་ཚོགས་ཆུང་གི་ལས་དོན་ལ་བསྔགས་བརྗོད་བྱས་པ་དང་། དགེ་མཚན་ལྡན་པའི་རྣམ་པ་སྲ་བརྟན་དུ་གཏོང་རྒྱུར་མོས་མཐུན་བྱས་པ་རེད།

   གྲོས་མོལ་གྱི་རིང་ལ། ཕྱོགས་གཉིས་ཀྱི་ཚོགས་གཙོས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་འབྲུག་རྒྱལ་ལྡན་རྒྱལ་ཁབ་ཀྱི་སྲིད་གཞུང་གཉིས་ཀྱིས་ཀྲུང་འབྲུག་ས་མཚམས་འབྱེད་པའི་མཉམ་འབྲེལ་ལག་རྩལ་ཚོ་ཆུང་གི་འགན་ནུས་སྐོར་གྱི་མཉམ་ལས་གྲོས་མཐུན་》ལ་མིང་རྟགས་བཀོད་པ་རེད། མཉམ་འབྲེལ་ལག་རྩལ་ཚོགས་ཆུང་ནི་ཀྲུང་གོ་དང་འབྲུག་ཡུལ་གྱི་མཐའ་མཚམས་གནད་དོན་ཆེད་མཁས་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོག་རིང་བཙུགས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཆེད་མཁས་ཚོགས་ཆུང་གིས《ཀྲུང་གོ་དང་འབྲུག་ཡུལ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་གྲོས་མོལ་ཇེ་མགྱོགས་སུ་བཏང་ནས“གོམ་སྟབས་གསུམ”ལམ་ཐིག་སྐོར་གྱི་བསམ་ཤེས་བརྗེད་ཐོ》དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱ་བྱེད་ཡིན་པ་རེད།

ཕྱོགས་གཉིས་པོས་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ནས“གོམ་སྟབས་གསུམ”ལམ་ཐིག་གི་གོམ་སྟབས་ཚང་མར་མཉམ་དུ་སྐུལ་འདེད་དང་དོན་འཁྱོལ་བྱེད་པར་མོས་མཐུན་བྱས་པ་རེད། 

    གྲོས་མོལ་དེ་མཛའ་མཐུན་གྱིས་རྣམ་པའི་སྒོ་ནས་བྱས་པ་དེས། ཀྲུང་གོ་དང་འབྲུག་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་མཚོན་གྱི་ཡོད། ཕྱོགས་གཉིས་པོས་ད་དུང་ཕྱོགས་གཉིས་པོའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། 

འབྲུག་ཡུལ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ད་དུང་ལོ་རྒྱུས་རིག་གནས་ཀྱི་གནས་མཆོག་ལ་ལྟ་སྐོར་གནང་བ་རེད། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-10-27 ལྟ་ཀློག (615)