མིང་མེད།

མིང་མེད། 

པད་ཀོར། 

ངས་རང་ཉིད་ལ་རྟག་ཏུ་གླུ་ལེན་བཞིན་ཡོད། 

ལན་རེར་མཚན་མོའི་སྐར་མདའ་ལ་བལྟས།

རྨོ་ལགས་ཀྱི་ལྷ་སྒྲུང་ནང་གི་མི་དག་ལ་རྒྱང་རིང་དང་བརྩེ་དུང་ཡོད་མེད་དྲིས།

གྲོང་ཁྱེར་ནི་འཚོ་བ་རོལ་ས་ཡིན་མིན་ལ་འདང་བརྒྱབ། 

སྐྱེ་འཆིའི་བར་དུ་དོན་སྙིང་གིས་ཟིན་པ་ག་ཙམ་ཡོད་མེད་བཙལ། 

རྣམ་དག་གིས་ལས་འབྲས་སྙོར་མཁན་ལ་མཛུབ་རྩིས་བརྒྱབ། 

བལྟས་འཕྲོར་ལུས་པའི་དཔེ་དེབ་ཀྱི་ཤོག་གྲངས་བརྩིས། 

གཏི་མུག་དང་འདོད་པས་ཟིན་པའི་ཉིན་མཚན་ལ་མིག་ཆུ་བཏང་།

ཁྱོད་ཀྱིས་མི་ཤེས་པ་ཐག་གིས་ཆོད་དེ།

འཇིག་རྟེན་གྱི་དབང་དགོས་ཤིང་མི་དགོས་པ་དག་ལ་ངས་ཀྱང་ཧབ་ཐོབ་བྱས་མྱོང་།

ངས་ཁྱོད་ཀྱིས་སྙན་ངག་འབྲི་བར་སྒུག

ངས་ད་དུང་ཁྱོད་ཀྱིས་ང་ལ་གཅེས་ཨེ་ཡོང་ལ་རེ། 

ངས་ཁྱོད་རང་མི་སྣ་བསམ་ཤེས་ཅན་ཞིག་ཏུ་གྱུར་བར་ཉན།

ངས་ཁྱོད་ཀྱིས་རྒྱུ་འབྲས་ཀྱི་དཀར་ནག་ལ་ཉེ་རིང་མི་བྱེད་ངེས་བསམ། 

འཁོར་བ་སྡུག་བསྔལ་གྱི་བག་ཆགས་སུ་སྐྱེས། 

ངས་རང་ཉིད་ཡང་ཡང་དེ་ཉིད་ཁོར་ནར་འཇུག་རྩིས་བྱེད། 


ང་རང་ཁེར་རྐྱང་ལ་སྐྲག་གིན་ཡོད་པ་འདྲ་ཡང་། 

ཁེར་རྐྱང་ཁོ་ནས་ང་ལ་ཐོབ་བྱ་མང་དུ་བསྐྱེད་བྱུང་། 

བུ་མོ།    ཁེར་རྐྱང་ལ་སྐྲག་མ་གནངས། 

མི་ནི་སྐྱེ་འཆི་གཉིས་ཀ་ཁེར་རྐྱང་གིས་འཇུག་འགྲོ།                   

གྱོན་པ་ཡང་ཡང་བརྗེ་མཁན་གྱི་མི་དེ་རྙེད་མ་སོང་མོད།

འཕྱ་ལད་ཡང་ཡང་རྒྱག་མཁན་ཞིག་ནི་དངོས་གནས་འདུག


ངས་ཕ་ཡུལ་གྱི་སུག་ལག་གཡར་ཏེ།

གྲོང་ཁྱེར་གྱི་དབུས་དང་མཐའ་རང་གི་རྗེས་རིས་བརྐོས།


པ་ལགས་ཀྱིས་ང་རང་ལག་གཏོང་དུ་བཏང་མེད་དེ།

ཐུགས་གཤིས་མི་མཐུན་པ་ཚོ་དང་རིང་དུ་སྡོད་ཟེར།


ངས་རྨོ་མོས་བསླབས་པའི་མགུར་གླུ་དེ་ཀུན་ལ་བླངས།

ཐོས་པ་དགའི་བྱིན་རླབས་དེ་ཀུན་ལའང་འཇུག་ངེས་བསམ་ཀྱང་།

ཁོ་ཚོའི་མ་ཡེངས་བློ་རྒོད་རྣོ་པོ་དེ་རང་སྟེང་དུ་བཞག་འདུག

ཁ་དང་ལག་པ་ཁོ་ན་གཞན་ལ་སྟོན་བཞིན།

ཕོ་མོའི་བར་དུ།

ང་ཚོས་བྱད་བཞིན་མི་གཅིག་པ་བརྒྱ་ཕྲག་སྟོན་མོད།

ཏག་ཏག་ཉམ་དམའ་བ་དེར་གཡོལ་བཞིན་འགྲོ་ལ།

རང་གི་སྐྱོན་གཤིས་འགའ་ལའང་ཁས་མི་ལེན།

འཁོར་བའི་པང་དུ་ཟགས་རྗེས།

ད་གཟོད་ང་ཚོས་ངོ་སོ་ཟེར་བ་མི་གླེང་།

དཀའ་སྡུག་ལའང་ཞེད་སྣང་གི་ངོ་མི་སྟོན།

ཞུ་བ་དང་སྤྲེལ་ལད་བྱེད་སར་ལྕེ་རྩེ་སྣར་རྐྱང་བྱེད།



རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-10-05 ལྟ་ཀློག (624)