ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་གྲོས་མོལ་གནང་བ།

  •  ཟླ་9ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མཱ་ཏུའུ་ལུའོ་དང་སྐུ་ཟླ་ཧྥུ་ལུའོ་ལེ་སི་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་གྲོས་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་ནི་ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་རོགས་ཟླ་བཟང་པོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཀྲུང་ཝེ་རྒྱལ་ཁབ་གཉིས་པོས་སྤྱིར་བཏང་གཏན་ནས་མིན་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྒྱུད་མྱོང་བ་དང་། ཕྱོགས་གཉིས་པོས་རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་པ་བརྒྱུད་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་ཝེ་ནེ་ཙུའེ་ལ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ལྟ་སྟངས་བཟུང་སྟེ་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། མི་རིགས་ཀྱི་ལ་རྒྱ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད་ལ། ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་དྲང་བདེན་བྱ་གཞག་ལའང་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། ཀྲུང་ཝེ་རྒྱལ་ཁབ་གཉིས་པོས་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད་ལ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་མཐུན་ཡོད། ཕྱོགས་གཉིས་པོས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཡང་དྲང་ནུས་དེ་བས་མང་བ་སྣོན་དགོས།

    ཞི་ཅིན་ཕིང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེགས་པའི་མཆོག་ནོར་གལ་ཆེན་ཞིག་དང་དེང་རབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་བྱ་ཐབས་ཤིག་ཡིན་པས།ཀྲུང་གོས་བརྒྱུད་རིམ་དེའི་ནང་ཐོབ་པའི་རྩ་ཆེའི་ཉམས་མྱོང་ལ་གཅེས་སྤྲས་བྱས་ནས་སྒྱུར་བཅོས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཏོགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་གྱི་གོམ་སྟབས་འགོག་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཕན་ཚུན་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བརྟན་པོ་དང་། ཏང་སྲིད་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན། ཝེ་ནེ་ཙུའེ་ལ་ཕྱོགས་ལ་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་རྒྱུར་རྒྱབ་སྐྱོར་བཅས་བྱེད་འདོད་ཡོད་ལ། ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་ཉམས་མྱོང་མཉམ་སྤྱོད་དང་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། སང་ལོ་ནི་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་པས་ཕྱོགས་གཉིས་པོས་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་ཝེ་ནེ་ཙུའེ་ལར་རྒྱ་ཡིག་སློབ་ཁྲིད་དང་ཁུང་ཙི་སློབ་གླིང་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྨྱན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཝེའི་མཛའ་གྲོགས་གཏམ་རྒྱུད་ཡག་པོ་གླེང་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པར་ཐོབ་པའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ནས་དུས་མཚམས་རྗེས་མའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། ཝེ་ནེ་ཙུའེ་ལ་ཀྲུང་གོས་གྲོས་འགོ་བཏོན་པའི་རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་མཉམ་ལས་ལ་ཞུགས་པའི་མེ་གླིང་གི་རྒྱལ་ཁབ་དང་པོར་གྱུར་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོ”སོགས་ཕྱོགས་མང་ལམ་སྲོལ་ཁྲོད་གཞོགས་འདེགས་དམ་ཟབ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ལའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱི་ལོ་ནི་ཀྲུང་ལའི་གླེང་སྟེགས་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་སོགས་ས་ཁུལ་དང་རྒྱལ་ཁབ་དང་མཉམ་དུ་ཀྲུང་ལའི་སྤྱི་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ལའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་འདོད་ཡོད།

    མཱ་ཏུའུ་ལུའོ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་མིའི་རིགས་ཡོངས་ཀྱི་ཞི་བདེ་དང་། འཕེལ་རྒྱས། བདེ་རྩ་བཅས་ལ་གཞོལ་བའི་རྒྱལ་ཁབ་རླབས་པོ་ཆེ་ཞིག་ཏུ་གྱུར་ཡོད་ལ་སྣེ་མང་ཅན་གྱི་འཛམ་གླིང་གསར་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། ད་ཐེངས་ང་རང་ཀྲུང་གོར་འཚམས་འདྲི་བྱེད་རིང་གི་མཐོང་ཐོས་ལས་ཀྲུང་གོའི་ཡར་ཐོན་དང་སྟོབས་ཤུགས་གང་ལེགས་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ངས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཝེ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་པ་དང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ཝེ་ནེ་ཙུའེ་ལར་ཁྲིམས་དང་མི་མཐུན་པའི་ཕྱོགས་རྐྱང་པའི་བཀག་སྡོམ་དང་ཏོག་གསར་རིམས་ནད་ཀྱི་དཀའ་ངལ་མང་པོ་འཕྲད་སྐབས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཝེ་ནེ་ཙུའེ་ལའི་མི་དམངས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤུན་ཟླ་ཀྲུང་གོའི་རོགས་རམ་འོག་ཝེ་ནེ་ཙུའེ་ལའི་མི་དམངས་ལ་ཚོད་བགམ་ཐེག་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱ་གཞག་ཁྲོད་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་ཡོད། དེང་སྐབས་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་འཕེལ་རྒྱས་དང་ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་འབྲེལ་བ་ཚང་མ་དུས་སྐབས་གལ་ཆེན་དུ་གནས་ཡོད། ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཝེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྤོར་རྒྱུའི་ཁྱབ་བསྒྲགས་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་པས་ཝེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དུས་རབས་གསར་པ་འབྱེད་ངེས་ཡིན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་གྱི་ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་གཉིས་པོའི་ཞིང་ལས་དང་། མ་འཇོག སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་གཏོང་འདོད་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་ལམ་སྲོལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་རོགས་ལས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་ཕན་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་དང་ཀྲུང་གོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

    གྲོས་མོལ་གནང་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། དཔལ་འབྱོར་ཚོང་དོན། སློབ་གསོ། ཡུལ་སྐོར། ཚན་རྩལ། འཕྲོད་བསྟེན། འཇིག་རྟེན་འཕུར་སྐྱོད། དམངས་སྤྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།

    ཕྱོགས་གཉིས་པོས《དུས་དང་རྣམ་པ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝེ་ནེ་ཙུའེ་ལ་པོ་ལི་ཝར་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་མཱ་ཏུའུ་ལུའོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

    མཱ་ཏུའུ་ལུའོ་འབྱོར་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་སྟེགས་ཐོག་ཕེབས་རྗེས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་མཱ་ཏུའུ་ལུའོ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་སྦྲགས་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས་པ་རེད།

    ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་མཱ་ཏུའུ་ལུའོ་ཡི་སྐུ་ཟླ་ཧྥུ་ལུའོ་ལེ་སི་ལྷན་དུ་ཕེབས་བསུའི་མཛད་སྒོར་ཞུགས་པ་རེད། དེ་ཉིན་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་མཱ་ཏུའུ་ལུའོ་དང་ཧྥུ་ལུའོ་ལེ་སིར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-09-18 ལྟ་ཀློག (417)