སློབ་གླིང་གསར་འགྱུར། སྐབས་ཉེར་དྲུག་པའི་མཐར་ཕྱིན་མཛད་སྒོ།
2023ལོའི་སྤྱི་ཟླ་7ཚེས་8ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་དྲུག་པའི་མཐར་ཕྱིན་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། དགེ་རྒན་གྱི་ལིང་འཇིགས་མེད་དང་དགེ་རྒན་བསམ་འཕེལ་རྡོ་རྗེ་གཉིས་ཀྱིས་འཛིན་བདག་གནང་བའི་ཆེད་སྦྱོང་མི་འདྲ་བ་སོ་སོ་ནས་བོད་རང་གི་བསམ་བློ་དང་རིག་གནས་ཀྱིས་ལུས་སྟོབས་ཡོངས་སུ་རྫོགས་པའི་གངས་ཕྲུག་རྣལ་མ་128སློབ་མཐར་ཕྱིན་པ་དང་། དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་དང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གཉིས་གཙོས་པའི་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བ་ཡོངས་མཐར་ཕྱིན་མཛད་སྒོའི་སྟེང་དུ་ཕེབས་པར་མ་ཟད། སློབ་གཙོ་གཅོད་པ་ཚེ་རིང་གིས་མཐར་ཕྱིན་སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་སྤྲད་ཅིང་། དགེ་རྒན་རྣམ་གཉིས་ཀྱིས་མཐར་ཕྱིན་སློབ་མ་རྣམས་ལ་འབྱུང་འགྱུར་འཚོ་བའི་ཁྲོད་དུ་སེམས་ལ་འཛིན་དགོས་པའི་བདུད་རྩི་ལྟ་བུའི་བཀའ་སློབ་ཡིད་འཁུལ་བ་མང་དུ་གནང་། འཛིན་གྲྭའི་འཐུས་ཚབ་པ་རེ་རེ་ནས་མཐར་ཕྱིན་གྱེས་ཚིག་སྒྲོག་འདོན་བྱས་ནས་དགེ་སློབ་ཀུན་སེམས་འགུལ་ཚད་མེད་ཐེབས། མཐར་ཕྱིན་འཛིན་གྲྭ་གཉིས་ཀྱིས་ལོ་ངོ་དུ་མའི་སྦྱངས་འབྲས་མཚོན་པའི་མཐར་ཕྱིན་ཆེད་དེབ་ཀྱི་ལེགས་སྐྱེས་ཕུལ། སྐབས་བཅུ་དྲུག་པའི་མཐར་ཕྱིན་འཛིན་གྲྭ་གཉིས་པ་དང་སྐབས་ཉི་ཤུ་བའི་མཐར་ཕྱིན་འཛིན་གྲྭ་གཉིས་ཀྱང་སྐབས་འདི་དང་བསྟུན་ནས་མ་ཡུམ་སློབ་གླིང་དུ་ལྷན་འཛོམས་བྱུང་ནས་ཐེངས་འདིའི་མཛད་སྒོར་ཞུགས་ཏེ་རིག་རྩལ་གྱ་ནོམ་པ་འཁྲབ་སྟོན་བྱས་ཤིང་། མཐར་སློབ་གླིང་གི་དགེ་རྒན་ལས་བཟོ་བ་དང་སློབ་མ་རྣམས་ཀྱིས་སློབ་གྲྭའི་སྒོ་ཆེན་ཁ་རུ་མཐར་ཕྱིན་སློབ་མ་རྣམས་ལ་སྐྱེལ་ཞུ་གནང་སྟེ་དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ཕ་མ་དང་བུ་སྤུན་བཞིན་དུ་འདྲིས་པའི་དགེ་སློབ་ཡོངས་ཀྱིས་གྱེས་གདུང་ཟབ་མོའི་ཁྲོད་ནས་མིག་ཆུ་དང་ལྷན་དུ་ཕན་ཚུན་ལ་བདེ་མོ་བཞག






གསར་འགོད་པ། འབའ་སྣང་གྲོལ།
|