མཚོ་ལྷོའི་ཁུལ་དཔོན་དོན་གྲུབ་རྒྱལ་མཚམས་སྦྱོར།

 མཚོ་ལྷོའི་ཁུལ་དཔོན་དོན་གྲུབ་རྒྱལ་མཚམས་སྦྱོར།

     དོན་གྲུབ་རྒྱལ།  ཐིན་རིམ་པ་དང་བོའི་སྲིད་འཛིན་པ།  སྤྱི་ལོ་1940.ལོའི་ཟླ་05.བར་མདོ་སྨད་ཐུན་ཏེ་རྫོང་འབའ་ཆུ་ནག་ཏུ་སྐྱེས།  སྤྱི་ལོ་1957.ལོའི་ཟླ་08.པར་བྱ་བར་ཞུགས།   སྤྱི་ལོ་1963.ལོའི་ཟླ་དང་བོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།  སྤྱི་ལོ་1957.ལོའི་ཟླ་08.ནས་སྤྱི་ལོ་1962.ལོའི་ཟླ་02.པའི་བར་སྔ་རྗེས་སུ་ཐུན་ཏེ་རྫོང་ཐོན་ཨུ་དང་།  རྫོང་ཨུའི་ཏང་གི་སློབ་གྲྭ།  རྫོང་ཨུའི་གཞུང་སྒྲུབ་ཁང་བཅས་སུ་བྱ་བ་གཉེར།   སྤྱི་ལོ་1962.ལོའི་ཟླ་02.པ་ནས་བཟུང་སྤྱི་ལོ་1964.ལོའི་ཟླ་06.པའི་བར་ཐུན་ཏེ་རྫོང་འབའ་ལུང་ཀུང་ཧྲེའི་ཀྲུའུ་རིན་གཞོན་པ་དང་།  སྤྱི་ལོ་1964.ལོའི་ཟླ་07.པ་ནས་སྤྱི་ལོ་1970.ལོའི་ཟླ་07.པའི་བར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་རྩ་འཛུགས་པུའུ་ནས་རྩ་འཛུགས་པའི་འགན་ཁུར།   སྤྱི་ལོ་1970.ལོའི་ཟླ་08.པ་ནས་སྤྱི་ལོ་1971.ལོའི་ཟླ་08.པའི་བར་ཀོས་ནན་རྫོང་མང་ར་ཀུང་ཧྲེའི་ཧྲུའུ་ཅི་དང་།  1971.ལོའི་ཟླ་09.བ་ནས་སྤྱི་ལོ་1978.ལོའི་ཟླ་08.པའི་བར་ཀོས་ནན་རྫོང་རིག་གནས་འཕྲོད་བསྟེན་ཁའོ་ཡི་ཁའོ་ཀྲང་གཞོན་པ།   1978.ལོའི་ཟླ་08.པ་ནས་སྤྱི་ལོ་1980.ལོའི་ཟླ་08.པའི་བར་ཀོས་ནན་རྫོང་སུམ་མདོ་ཀུང་ཧྲེའི་ཏང་ཅིའི་འགན་ཁུར།   སྤྱི་ལོ་1980.ལོའི་ཟླ་09.བ་ནས་སྤྱི་ལོ་1983.08.པའི་བར་ཀོས་ནན་རྫོང་མི་དམངས་སྲིད་གཞུང་ནས་བྱ་བ་གཉེར་ཏེ་རྫོང་ཨུའི་རྒྱུན་ཨུ་དང་རྫོང་གཙོ་གཞོན་པའི་སྲིད་འགན་ཁུར་བ་དང་།   1983.09....1985.01.བོའི་བར་ཀྲུང་གུང་མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཨུའི་ཧྲུའུ་ཅིའི་འགན་ཁུར།  1985.01.....1985.10.བའི་བར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་དང་།   1985.10....1994.01.དང་བོའི་བར་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅིའི་འགན་ཁུར།   1994.01...1998.01.བོའི་བར་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་ཐིན་གྱི་ཏང་ཨུ་ཧྲུའུ་ཅི་དང་ཐིན་ཀྲང་གཞོན་པ་བཅས་ཀྱི་སྲིད་འགན་བཞེས།   2004.ལོའི་ཟླ་07.པར་ཧྲེང་ཧེ་ནས་སྐུ་གཤེགས།

ཁོང་ནི་མདོ་སྨད་ཡུལ་དུ་སྙན་གྲགས་ཡོད་པའི་བོད་ཀྱི་ཆབ་སྲིད་པ་ཞིག་ཡིན་ཅིང་།  ཁོང་གིས་མཚོ་ལྷོ་ཁུལ་གྱི་འགོ་ཁྲིད་བྱེད་རིང་ས་ཁུལ་དེའི་མི་རིགས་སྲིད་ཇུས་སྤྱི་དང་།  ཁྱད་པར་དུ་མི་རིགས་སློབ་གསོ་དང་ཆོས་ལུགས་དད་མོས་རང་དབང་།  མི་རིགས་ས་ཁུལ་དུ་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད།   བོད་ཀྱི་ཁྱད་ཆོས་ལྡན་པའི་བཟོ་སྐྲུན་སོགས་བྱ་གཞག་སྲོག་བསྡུས་ཀྱིས་སྒྲུབ་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་།    རྫོང་ཁག་ལྔར་གནས་པའི་དགོན་པ་ཉིས་བརྒྱ་ཙམ་སླར་གསོ་གནང་སྟེ་ཏང་གི་ཆོས་ལུགས་སྲིད་ཇུས་དངོས་འབེབས་བྱས་པ་དང་།   མཚོ་ལྷོའི་མི་རིགས་སློབ་གསོ་དང་ཁྱད་པར་དུ་བོད་ཡིག་གི་སློབ་གསོའི་མ་ལག་སློབ་ཆུང་ནས་སློབ་འབྲིང་བར་དང་རང་ས་ནས་འཐུས་ཚང་བཟོས་པ་མ་ཟད།   རྩིས་དངོས་རྫས་གསུམ་བོད་ཡིག་གིས་བསྒྲིགས་ཏེ་ཁྲིད་པའི་སློབ་གསོའི་མ་ལག་བཙུགས།   པཎ་ཆེན་རིན་པོ་ཆེའི་བྱམས་བརྩེ་ཐུགས་ཁུར་དང་སྲིད་འཛིན་པ་འདིའི་དཀའ་ངལ་ཁྱད་བསལ་ལ་བརྟེན་ནས་མཚོ་ལྷོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་བཙུགས་ཤིང་།

   སློབ་གྲྭ་ཡུན་གནས་ཀྱི་ཆེད་དུ་རིན་པོ་ཆེ་སྐུ་ཉིད་མཚན་འཛིན་སློབ་གཙོར་ཞུས།  མི་རིགས་ཀྱི་བླ་སྲོག་ཏུ་གྱུར་བའི་བོད་ཀྱི་སྐད་དང་ཡི་གེ་བོད་རིགས་ས་ཁུལ་གྱི་ལས་བྱེད་པས་སྦྱོང་སྤྱོད་བྱེད་ཆེད།  མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་སྲོལ་ལྟར།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་སྲོལ་ཡིག་གཏན་ལ་ཕབ་སྟེ།   ས་དེའི་སྲིད་འཛིན་ལས་ཁུངས་སོ་སོ་དང་།   ཁེ་ལས་སོ་སོ།  ཆེད་ལས་སྡེ་ཁག་སོ་སོ་བཅས་སུ་བྱ་བ་སྒྲུབ་བཞིན་པའི་རྒྱ་རིགས་དང་མི་རིགས་ལས་བྱེད་པ་བོད་སྐད་དང་བོད་ཡིག་མི་ཤེས་པ་རྣམས་ཀྱིས་ངེས་པར་བོད་སྐད་བོད་ཡིག་སྦྱོང་བའི་སྲོལ་བཏོད།

  ཁོང་གི་བྱ་བའི་གྲུབ་འབྲས་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གདེངས་འཇོག་འཐོབ་པ་དང་།  རིན་པོ་ཆེ་ཐེངས་མང་བོར་མཇལ་འཕྲད་ཀྱི་ཁྲོད་ནས་ཁོང་གཉིས་ཐུགས་མཐུན་གྲོགས་པོར་གྱུར་པས་རིན་པོ་ཆེས་ཁོང་ལ་སྤྲིངས་པའི་འཕྲིན་ཡིག་ཏུའང་།  གྲོགས་པོ་དོན་གྲུབ་རྒྱལ་ཞེས་ལས་ཐོབ་ཀྱི་མིང་སོགས་ཅི་ཡང་མེད་པར་དེ་ལྟར་བཀོད་ཡོད།   ཁོང་གིས་ཡང་ཡང་སྤྱན་ཞུས་མཛད་པ་བཞིན་རབ་རྒྱན་མེ་ཡོས་སྟེ།  སྤྱི་ལོ་1987.10.13.ཉིན་སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན་པ་མཚོ་ལྷོར་ཆིབས་བསྒྱུར་གནང་ཞིང་།   མཚོ་ཆུང་ནོར་བུ་ཐང་དུ་རྟ་དཀར་སྐྱ་མི་ཆིག་སྟོང་ལྔ་བརྒྱས་བསུ་མ་མཛད།   རིན་པོ་ཆེས་མཚོ་ལྷོའི་ལས་རིགས་ཁག་གི་ལས་བྱེད་མི་སྣར་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལྟར་ས་དེའི་མི་རིགས་སྲིད་ཇུས་ལག་ལེན་མཐའ་འཁྱོལ་བྱེད་པ་ཤུགས་ཆེར་སྤེལ།    རབ་རྒྱན་ས་སྦྲུལ་ལོ་སྟེ།  སྤྱི་ལོ་1989.ལོར་རིན་པོ་ཆེས་གདན་ས་བཀྲ་ཤིས་ལྷུན་པོ་ནས་མཆོད་སྡོང་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་མོར་རབ་གནས་མཛད་སྐབས་ཁོང་གིས་མཚོ་ལྷོའི་སྐུ་ཚབ་ཚོགས་པ་ཁྲིད་དེ་དེར་ཕེབས་ཤིང་།    རིན་པོ་ཆེས་དབུ་འཛིན་མཛད་པའི་བཀྲས་ལྷུན་དགོན་གྱི་སྐུ་མགྲོན་ལྷན་རྒྱས་ཀྱི་ཚོགས་འདུ་སྟེང་ཆབ་སྲིད་པ་འདིས་མི་རིགས་སྲིད་ཇུས་དོན་འཁྱོལ་བྱས་པའི་མཛད་རྗེས་ལ་གཟེངས་བསྟོད་གནང་།  རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་གསུམ་ཙམ་འདས་པ་རབ་རྒྱན་ལྕགས་ལུག་སྟེ།  སྤྱི་ལོ་1991.ལོར་ཆབ་ཆ་བདེ་སྐྱིད་ཐང་དུ་རིན་པོ་ཆེའི་རྗེས་དྲན་གྱི་བྱང་ཆུབ་མཆོད་རྟེན་བཞེངས།     ཁོང་གིས་མཚོ་ལྷོ་ནས་བྱ་བ་སྒྲུབ་རིང་མཚོ་ལྷོའི་བྱ་བ་མཐའ་དག་གྲ་མ་ཉམས་གྲུ་མ་ཆག་པར་ཡར་ངོས་ཟླ་ལྟར་འཕེལ་བས།   རབ་རྒྱན་ཆུ་བྱ་སྟེ།  སྤྱི་ལོ་1993.ལོར་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་མཚོ་ལྷོར་གཟིགས་ཞིབ་ཏུ་ཕེབས་ཏེ་བྱ་བའི་གྲུབ་འབྲས་ལ་གདེངས་འཇོག་མཛད་ཅིང་། མཚོ་སྔོན་པོ་མགྲོན་ཁང་ནས་མཚོ་ལྷོའི་བྱ་བའི་སྙན་ཞུ་ཕུལ་བར་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་ཐུགས་དགྱེས་པའི་ངང་བློ་མཐུན་དོན་གྲུབ་རྒྱལ་གྱིས་རྒྱ་སྐད་གསུང་བ་ང་ལས་ལྷག་ཅེས་ཀུ་རེ་དང་བསྔགས་བརྗོད་བཅས་མཚོ་ལྷོའི་བྱ་བར་གདེངས་འཇོག་མཐོན་པོ་བྱས།

  ཁོང་ནི་མཚོ་སྔོན་ཞིང་ཆེན་ཐེངས་བརྒྱད་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་།   མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི།  མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བརྒྱད་པའི་རྒྱུན་ཨུ་བཅས་སུ་བདམས་ཐོན་བྱུང་ལ།  ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པ་དང་དགུ་བའི་ཨ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བཅས་་ཀྱི་འགན་ཡང་ཁུར་མྱོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2023-06-18 ལྟ་ཀློག (2470)