སྒྲ་སྙན་བཀྲ་ཤིས།

སྒྲ་སྙན་བཀྲ་ཤིས།

སྦར་བཟའ་རང་དབང་འཚོ།
བརྩེ་མཐུན་གྱི་རུས་རྐང་ལ་ཟུག་པའི་དགའ་སྐྱོ་ཆགས་སྡང་།
འདང་འདུན་གྱི་ཤ་རུས་ན་ཉར་བའི་མི་ཚེའི་གཏམ་རྒྱུད།
ཁྱེད་ལས་མཆེད་དེ།
ཡིད་སེམས་དྲོན་མོའི་མལ་དུ་འཁྱིལ།
སྙིང་འདབ་བརྒྱད་ཀྱི་དྲན་ཤིང་ལྕི་མོ།
ཚིག་བདེན་པ་ཡི་ཡིག་འབྲི་དཀར་པོ།
ཡིད་གངས་དཀར་གྱི་དགའ་བ་དུང་བ།
ངས་ཁྱོད་དང་མཉམ་དུ།
གངས་ལྗོངས་ཀྱི་སྙན་ལམ་དུ་ཡང་ཡང་འབུལ།

མེས་པོའི་དྲན་གདུང་གིས་བཟི་བའི་ཁྱོད་ལ།
ཧ་ཅང་དགའ་བ་ཚོར་མི་སྲིད་ནའང་།
ཡོངས་སུ་གཏད་པའི་ཡིད་ཆེས་དང་རེ་སྨོན།
ཁྱོད་ལ་ངག་བཅོལ་མཛད་ཡོད།

ང་ལ་བསླུ་བྲིད་མ་གནང་།
གཏན་དུ་བསྐྱུར་མི་སྲིད་པའི་
དམ་ཚིག་གི་གླེགས་བམ་སྙིང་ནས་བྲིས་ཡོད། 
བརྩེ་བའི་གདངས་སུ་འཐག་པའི་ཁྱོད་དང་ང་།
ཚེ་རབས་འདི་ལ།
དུང་བའི་རྒྱུད་སྐུད་ཀྱིས་ཕན་ཚུན་འབྲེལ་ཞིང་
སྐལ་བ་གཞན་དུའང་བག་ཆགས་ཀྱི་འཁྲུལ་སྣང་
སྤྲིན་ཚོགས་བཞིན་འཁྲུག་འགྲོ།

རྨི་ལམ་དུ་འཁོར་བའི་ཡིད་ཀྱི་ནོར་བུ།
བསོད་ནམས་ཀྱི་རི་མོ་བཀྲ་བའི་དངུལ་གྱི་ཁུར་ཐག 
དབྱངས་ཅན་མས་ང་ལ་སྤྲད་ན།
ལས་དབང་ཡིན།
རླུང་རྟ་ཡིན།

ལོ་ཟླ་བརྩེགས་པའི་བང་རིམ་ཅི་ཙམ་མཐོ་ཡང་།
སྒུག་པའི་སེམས་ཐག་ཆད་མི་སྲིད།
མཛའ་བརྩེས་གཙེམ་པའི་རྨ་ཁ་དམར་པོར།
ཤ་ཚ་དང་གཅེས་སྐྱོང་གནང་དགོས།

ཁེར་རྐྱང་གི་སྨག་རུམ་དུ།
འཆི་བ་དང་ཉེ་བར་ཕྱོགས་པའི་དུས་ཚོད་ཀྱི་ཐག་སྒྲ།
རྣ་ལམ་དུ་ཡང་ཡང་ལྷུང་དུས།
ཁྱོད་དང་འཕྲད་པའི་ཉི་མ་དེ།
སང་ཉིན་ཡིན་པར་སྨོན།

ད་དུང་ག་ཚོད་ལ་སྒུག་དགོས།
ཡུན་རིང་ཡུན་རིང་ཞིག་མིན་པར་སྨོན།


        ༢༠༢༣/༡/༢༣མཚན་མོ།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2023-02-04 ལྟ་ཀློག (3529)