ཚོགས་ཆེན་ནས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་ནི་ཏང་ལ་ཐུག་ཡོད་པས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་སྒོས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་ཟབ་མོ་གཏོང་བ། ཏང་གི་རང་ངོས་ནས་གསར་བརྗེ་བྱེད་པར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་བྱེད་པར་སྣེ་ཁྲིད་བྱེད་པ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཏང་གི་རང་ངོས་ནས་གསར་བརྗེ་བྱེད་པའི་ལམ་ལུགས་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། དགོངས་གཞི་ནན་མོས་སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ཐད་ནས་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།
ཚོགས་ཆེན་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་།
ཚོགས་ཆེན་ནས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས།
ཚོགས་ཆེན་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། བཟོ་བཅོས་འཆར་ཟིན་འདི་གྲོས་མཐུན་བྱུང་བའི་ཉིན་མོ་ནས་བཟུང་སྤྱོད་གོ་ཆོད་རྒྱུ་གཏན་འཁེལ་བྱས།
ཚོགས་ཆེན་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲིད་སྐྱོང་བའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་བཏོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། དེ་ནི་ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པར་འདོད། ཚོགས་ཆེན་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་པའི་ཚུན་གྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་འཕེལ་རྒྱས་གསར་པ་བྱུང་བ་ཏང་གི་སྒྲིག་ཡིག་ནང་བཀོད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་དང་། ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན་བཅས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་སྔར་ལས་ལེགས་པར་མཚོན་རྒྱུར་གཅིག་མཐུན་སྒོས་འཐད་པ་བྱུང་།
ཚོགས་ཆེན་ནས་བལྟས་ན། ལོ་བརྒྱའི་རིང་གི་འབད་འཐབ་བརྒྱུད་རིམ་ཁྲོད། ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་ལག་བསྟར་བྱས་ཏེ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་སྟེང་ཆེས་བརྗིད་ཉམས་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་པ་དང་། རླབས་ཆེན་གྱི་གྲུབ་འབྲས་རབ་དང་རིམ་པ་གསར་གཏོད་བྱས་ལ། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད་པར་འདོད། ཚོགས་ཆེན་ནས་ཏང་གི་ཐོག་མའི་བསམ་འདུན་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་གི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཡིན། ཏང་དང་མི་དམངས་ཀྱིས་བླངས་པའི་གྲུབ་འབྲས་མཐའ་དག་ནི་འཐབ་རྩོད་ལ་བརྟེན་ནས་བླངས་པ་ཡིན། ཚོགས་ཆེན་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ནུས་ཇེ་དྲག་ཏུ་གཏོང་བའི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་།
གྲོས་ཚོགས་ནས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་ཏང་དང་མི་དམངས་ཀྱི་ཚབ་མཛད་དེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་དང་ལྡན་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་མགོ་བརྩམས་པ་བཅས་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་དང་། ཏང་གི་སྒྲིག་ཡིག་ལ་དེར་བསྟུན་གྱིས་བཟོ་བཅོས་བྱེད་དགོས་པར་འདོད།
གྲོས་ཚོགས་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་པར་མ་ཟད། དེ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་དཀྱིལ་སྙིང་ལས་འགན་དུ་གཏན་འཁེལ་བྱས། སྤྱི་ལ་དབང་བའི་ལམ་ལུགས་གྲུབ་ཆ་གཙོ་བོ་ཡིན་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གྲུབ་ཆ་གཙོ་བོ་ཡིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྲོག་ཤིང་གལ་ཆེན་ཞིག་ཡིན་པར་འདོད།
ཚོགས་ཆེན་ནས་གོང་གསལ་གྱི་ནང་དོན་རྣམས་ཏང་གི་སྒྲིག་ཡིག་ནང་དུ་འགོད་རྒྱུར་འཐད་པ་བྱུང་བ་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་རིམ་བཞིན་མངོན་འགྱུར་བྱེད་པ་དང་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དམ་པོར་འཛིན་པ། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱིས་ཕན་ཚུན་ཡར་སྐུལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་དུ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཤེས་ལྡན་མི་སྣ་ཐོན་ཁུངས་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱལ་དམངས་དཔལ་འབྱོར་གྱི་སྤུས་ཚད་སྔར་ལས་མཐོ་བ་དང་། ཕན་འབྲས་སྔར་ལས་ཆེ་བ། སྔར་ལས་འདྲ་མཉམ་ཡིན་པ། སྔར་ལས་རྒྱུན་མཐུད་ཡིན་པ། སྔར་ལས་བདེ་འཇགས་སྒོས་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འགོད་རྒྱུར་འཐད་པ་བྱུང་།
མུ་འགོད།