བོད་ཀྱི་པཎྜི་ཏའི་དཀར་ཆག (དང་བོ) ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།


ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

གྲུབ་མཐའ། ས་སྐྱ་བ།

འཁྲུངས་འདས། ༡༡༨༢-༡༢༥༡

  ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་ནི། རབ་བྱུང་གསུམ་པའི་ཆུ་སྟག་(༡༡༨༢)ལོར་ཡབ་ས་སྐྱའི་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་དཔལ་ཆེན་འོད་པོ་ཆེ་དང༌། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞི་ཞིང༌། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དྲུང་དུ། དགེ་བསྙེན་གྱི་སྡོམ་པ་བཞེས་པའི་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ། བཟོ་རིག་པ། སྐར་རྩིས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མཛོད་སོགས་མདོ་ཕྱོགས་དང༌། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་ཤེས་པའི་རྐང་གྲངས་ཙམ་མིན་པར། ལག་ལེན་ཐོག་འཁྱོལ་ཐུབ་པའི་མཁས་པར་གྱུར། དེའི་སྙན་གྲགས་རྒྱ་གར་ཡུལ་ཀུན་ཏུ་ཁྱབ་པ་ན་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས། སྟོན་པ་དྲུག་བོད་དུ་སངས་རྒྱས་ཆོས་ལུགས་ལ་ཚུར་རྒོལ་བྱེད་དུ་ཡོང༌ནའང་། ཆོས་རྗེ་ས་སྐྱ་པཎྜི་ཏ་ཉིད་ཀྱང་མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏི་བཟང་པོའི་གཙུག་ལག་ཁང་དང་འདབས་འབྲེལ་བའི་ཚོང་འདུས་སུ་བཞུགས་པའི་སྐབས་སུ་འབྱོར་པ་རྩོད་གླེང་གི་སྒོ་ནས་ཕམ་པར་མཛད། དེའི་དཔང་རྟགས་ཁོའི་རལ་པ་བྲེགས་ནས་བོད་དུ་བསྣམས་ཕེབས་པ་སྔར་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནང་དུ་ཡོད་པར་གྲགས། 

   དགུང་ལོ་ཉེར་གསུམ་པ་རབ་བྱུང་གསུམ་པའི་ཤིང་བྱི་(༡༢༠༤)ལོར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བོད་དུ་ཕེབས་པ་དང་མཇལ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རབ་བྱུང་གསུམ་པའི་ས་བྱ་(༡༡༨༩)ལོ་ནས་མོང་གོལ་མི་རིགས་ཀྱི་རྒྱལ་པོ་ཇིང་གིར་ཧན་གྱིས་མོང་གོལ་ཚོ་པ་ཁག་གཅིག་གྱུར་བྱས་པའི་སྲིད་དབང་བཙུགས་ཏེ། དེར་མུ་མཐུད་ནས་ཨེ་ཤི་ཤའི་ཤར་ཕྱོགས་དང༌། ཡོ་རོབ་ཀྱི་ཤར་རྒྱུད་ཆ་ཤས་དང་བྱང་རྒྱུད་ཆ་ཤས་བཅས་ལ་དམག་དྲངས་ནས་མངའ་འོག་ཏུ་བསྡུས་མཐར། ཀྲུང་གོའི་རྒྱལ་ནང་གི་མན་ཇུ་དང༌། རྒྱ་ནག ཤིས་ཞ་བཅས་དབང་འོག་ཏུ་བསྡུས་ནས་གཅིག་གྱུར་བྱས་རྗེས། ཁྱིམ་པ་དང་རབ་བྱུང་གི་དབྱེ་བ་མེད་པར་ཐམས་ཅད་དམག་ཁྲལ་དང་འུ་ལག་གི་ཁྲལ་སྒྲུབ་ཏུ་བཅུག རབ་བྱུང་བཞི་པའི་ཤིང་རྟ་(༡༢༣༤)ལོར། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཐའི་ཙུང་ཨོ་གོ་ཏའི་བུ་ཆུང་བ་གོ་དན་གྱིས་སྲིད་དབང་བཟུང་རྗེས། འདིའི་ཁྲི་ལོ་དྲུག་པ་རབ་བྱུང་བཞི་པའི་ས་ཕག་(༡༢༣༩)ལོར་ས་སྐྱ་པ་དང༌། ཕག་གྲུ། འབྲི་གུང༌། ཚལ་པ། སྟག་ལུང་བཅས་ཀྱི་ཆོས་ལུགས་མི་སྣ་ཚོས་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་དང་རྒྱལ་སྲས་སོ་སོར་མགོ་བཏགས་ཞུས། ལོ་དེའི་ཕྱི་ལོ་རྒྱལ་པོ་གོ་དན་གྱིས་བློན་པོ་དོར་རྟ་ནག་པོས་གཙོ་བོར་བྱས་པའི་དམག་དཔུང་བོད་དུ་བཏང་ནས། མདོ་སྟོད། མདོ་སྨད། སོག་ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་གསོད་པ་དང༌། ཁང་པ་མེར་བསྲེག་པ། རྒྱུ་ནོར་འཕྲོག་པ་བཅས་བྱེད་བཞིན་དུ་དབུས་གཙང་དུ་ཡོང༌། འཕན་པོ་རྒྱལ་གྱི་ལྷ་ཁང་མེར་བསྲེགས་ནས་གྲྭ་པ་རབ་ཏུ་བྱུང་བ་ལྔ་བརྒྱ་ཙམ་དམར་གསོད་བྱས། རྭ་སྒྲེང་དགོན་པར་ཡང་གནོད་འཚེ་ཆེན་པོ་བྱས་པས་མགོ་བཏགས་མ་ཞུས་པའི། ས་གནས་ཚང་མར་བསྲེགས་གསོད་འཕྲོག་གསུམ་གྱི་སྒོ་ནས་མིང་མེད་དུ་གཏོང་བ་སོགས་བྱས།  དུས་སྐབས་དེར་བོད་དུ་ཡོད་པའི་ཆབ་སྲིད་སྟོབས་ཤུགས་རྣམས་མཐུན་སྒྲིལ་མེད་པའི་ཁ་འཐོར་ཡིན་སྟབས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་མགོ་བཏགས་ཞུས་ཏེ། སྤྱི་ལོ་(༨༤༦)ལོ་ནས་བཟུང་ལོ་གྲངས་(༣༩༣)རིང་བོད་དུ་གཅིག་གྱུར་མེད་པའི་གནས་ཚུལ་མཇུག་སྒྲིལ། 

བོད་དུ་ཆོས་ལུགས་ལ་མཁས་པའི་བླ་མ་གང་ཡོད་ཞིབ་རྩད་བྱས་པར། སྐབས་དེར་བོད་དུ་ཆོས་ལུགས་མང་པོ་ཡོད་པའི་ནང་ནས་སྟོབས་ཆེ་ཤོས་ས་སྐྱ་པའི་ཆོས་ལུགས་ཡིན་པ་དང༌། སངས་རྒྱས་ཆོས་ལུགས་ལ་མཁས་ཤིང་བོད་དུ་སྙན་གྲགས་ཆེ་ཤོས་ནི་ས་སྐྱ་པཎྜི་ཏ་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་བའི་རྐྱེན་གྱིས་ས་པཎ་རང་ཉིད་ཀྱི་དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་བཞི་པའི་ཤིང་འབྲུག་(༡༢༤༤)ལོར་རྒྱལ་པོ་གོ་དན་གྱིས་རྡོར་སྲི་མགོན་དང་དབོན་ཇོ་དར་མ་གཉིས་ཀྱི་མདུན་ཧོར་ཡུལ་དུ་ཆོས་སྟོན་པའི་བླ་མར་ཕེབས་དགོས་པའི་ཞུ་ཡིག་དང༌། དངུལ་བྲེ་ཆེན་ལྔ། གོས་ཆེན་གྱི་ཆོས་གོས་མུ་ཏིག་གི་ཚོམ་བུ་ཅན་མུ་ཏིག་རྡོག་པོ་དྲུག་སྟོང་ཉིས་བརྒྱ་ཡོད་པ་གཅིག  གོས་ལི་ཧང་མདོག་གི་རིང་འགག ལྷམ་འབོབ་བཅས། གོས་ཆེན་ཁ་ཐི་ཡུག་གཉིས། ཐོན་ཐི་ཡུག་གཉིས། གོས་ཆེན་སྣ་ཚོགས་ཡུག་ཉི་ཤུ་ཐམ་པ་བཅས་བསྐུར་བ་འབྱོར་ཞིང༌། ཡི་གེའི་ནང་དོན་ལ་གདན་དྲངས་པ་ལྟར་མ་ཕེབས་ན་བོད་དུ་སོག་དམག་གཏོང་རྒྱུ་ཡིན་ཞེས་གསལ་བར། དགུང་ལོ་མཐོ་ཡང་བོད་མི་རིགས་ཀྱི་བདེ་འཇགས་དང་ཆོས་ལུགས་ཁག་གི་བདེ་འཇགས་ཀྱི་ཆེད་དུ་རང་སྲོག་ཕངས་མེད་མཛད་དེ་ཧོར་ཡུལ་དུ་བྱོན། དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཞི་པའི་མེ་རྟ་(༡༢༤༦)ལོའི་ཟླ་བ་བརྒྱད་པར་ཧོར་རྒྱལ་པོའི་རྒྱལ་ས་ལིང་ཅུ་རྩེར་ཕེབས་འབྱོར་བྱུང་ཞིང༌། རྒྱལ་པོ་གོ་དན་ཧོར་ཡུལ་དུ་སོང་ནས་ཚུར་ལོག་པ་དང་མེ་ལུག་ལོའི་ཟླ་བ་དང་པོར་མཇལ། རྒྱལ་པོ་གོ་དན་མཛེ་ནད་ཀྱིས་མནར་བ་ལ་སྨན་བཅོས་མཛད་པས་རྒྱལ་པོ་ནད་ལས་གྲོལ་ཏེ། སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་རྣམས་ཆོས་ལུགས་གཞན་དག་གི་བླ་མ་ཚོའི་གྲྭར་མགོར་སྡོད་ཆོག་པའི་དམིགས་བསལ་ཐོབ་ཐང་སྤྲད། རྒྱལ་པོ་དང༌། བློན་པོ། འབངས་མི་རྣམས་ལ་ཡང་གོ་བདེ་བའི་ཆོས་མང་པོ་གསུངས་ནས་ཧོར་གྱི་ཡུལ་དུ་སངས་རྒྱས་ཆོས་ལུགས་སྔར་ལས་ལྷག་པར་དར་སྤེལ་མཛད། 

   རི་བོ་རྩེ་ལྔར་ཡང་ཕེབས་ནས་དེ་ན་གནས་པའི་སྒོམ་ཆེན་མང་པོ་ལ་མདོ་སྔགས་ཀྱི་ཆོས་འདོད་པ་དང་མཐུན་པ་གནང༌། བོད་ནས་བླ་མ་དང༌། སློབ་མ། དགེ་བཤེས་མཁས་པ་རྣམས་ཀྱིས་མྱུར་བར་བོད་དུ་ཕྱིར་ཕེབས་དགོས་པའི་ཞུ་བ་ནན་ཏན་ཡང་ཡང་འབྱོར་བའི་བཀའ་ལན་དུ། དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོན་རྣམས་ལ་སྤྲིངས་པ་ཟེར་བའི་བཀའ་ཡིག་ཅིག་གཏོང་བ་གནང༌། ཡི་གེ་འདིའི་ནང་ཧོར་གྱི་རྒྱལ་རབས་འདི་དམག་དཔུང་མང་ཞིང་སྟོབས་ཆེ་བ་དང་མགོ་བཏགས་མི་ཞུ་བ་རྣམས་ལ་དམག་དཔུང་བཏང་ནས་མངའ་འོག་ཏུ་བསྡུས་ཏེ། དཔོན་རིགས་ཀྱང་ཧོར་རང་གི་མི་བསྐོ་གཞག་བྱེད་ཀྱི་ཡོད་པ་དང༌། དམག་དྲངས་མ་དགོས་པར་མགོ་བཏགས་ཞུས་པ་རྣམས་ཀྱི་དཔོན་རིགས་རང་རང་སོ་སོའི་ཁོངས་ནས་བསྐོས་པའི་དབྱེ་བ་ཡོད་པ་དང༌། ཧོར་རིགས་རང་གི་མི་སེར་ལ་ཁྲལ་དང་འུ་ལག་ཆེ་ཞིང༌། མགོ་བཏགས་ཞུས་པ་དང་དམག་བཏང་ནས་མངའ་འོག་ཏུ་བཅུག་པའི་མི་སེར་རྣམས་ཁྲལ་དང་འུ་ལག་ཆུང་བའི་ཁྱད་པར་ཡོད་པ། རྒྱལ་པོས་ས་གནས་སོ་སོར་བཏང་བའི་གསེར་ཡིག་པ་དང་མི་སྣ་རྣམས་ལ་སྣེ་ལེན་ལེགས་པོ་མ་བྱས་ཚེ། ཁོང་ཚོས་རྒྱལ་པོ་ལ་ཐད་ཀར་སྐད་ཆ་ཤོད་པའི་གོ་སྐབས་དང་བསྟུན་ནས་རྒྱལ་པོ་གཏིང་ནས་ཁྲོས་དགོས་པའི་གཏམ་ཤོད་པར་ངེས་པས་གསེར་ཡིག་པ་དང་མི་སྣ་རྣམས་ལ་སྣེ་ལེན་ལེགས་པར་བྱ་དགོས། རྒྱལ་པོ་དགའ་བའི་དངོས་པོ་གང་དང་གང་དགོས་པ་བཅས་ཡི་གེར་བྲིས་པ་གནང་ཡོད་པ་འདིས།  བོད་ཀྱི་མི་དམངས་རྣམས་ཡོན་རྒྱལ་རབས་ཀྱི་སྲིད་ཇུས་ལ་ཡིད་ཆེས་ཆེན་པོ་སྐྱེ་ཐུབ་པ་བྱུང་བ་དང་།  ཡོན་རྒྱལ་རབས་ཀྱིས་བོད་དང་མེས་རྒྱལ་གཅིག་གྱུར་བྱེད་པའི་བྱ་གཞག་ལ་རྒྱབ་སྐྱོར་དང་སྐུལ་མ་ཆེན་པོ་ཐེབས་ནས་ས་སྐྱ་པཎ་ཆེན་སྐུ་མ་འདས་བར་གྱི་ལོ་ངོ་བརྒྱད་ཙམ་རིང་། ཡོན་རྒྱལ་རབས་ཀྱིས་བོད་ས་གནས་སུ་དམག་དཔུང་བཏང་མ་དགོས་པའི་བདེ་འཇགས་ཆེན་པོ་བྱུང་བ་བཅས། ས་སྐྱ་པཎ་ཆེན་ནི་བོད་ས་གནས་དང་མེས་རྒྱལ་གོང་བུ་གཅིག་གྱུར་བྱས་པའི་བྱ་བཞག་ནང་བྱས་རྗེས་ཆེན་པོ་བཞག་པའི་བོད་རིགས་ཆོས་ལུགས་ཀྱི་མི་སྣ་ཞིག་ཡིན། གསུང་རྩོམ་ལ། ཐུབ་པའི་དགོངས་པ་རབ་ཏུ་གསལ་བའི་བསྟན་བཅོས། ལེགས་པར་བཤད་པའི་རིན་པོ་ཆེའི་གཏེར། ས་སྐྱ་ལེགས་བཤད། གཞུང་ལུགས་ལེགས་པར་བཤད་པ་ཞེས་བྱ་བའི་བསྟན་བཅོས། རོལ་མོའི་བསྟན་བཅོས། མཁས་པ་ལ་འཇུག་པའི་སྒོ་སོགས་པོད་གསུམ་ཙམ་བཞུགས། མཐར་དགུང་ལོ་བདུན་ཅུ་པ་རབ་བྱུང་བཞི་པའི་ལྕགས་ཕག་(༡༢༥༡)ལོར་སྐུ་གཤེགས། 

གསལ་བཤད། 
བོད་ཀྱི་པཎྚི་ཏའི་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་འདི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་ཉེར་ལྔ་བའི་མཐར་ཕྱིན་བོད་ཡིག་ཆེས་མཐོའི་འཛིན་གྲྭས་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཞིང་།   དེབ་འདིའི་རྩོམ་སྒྲིག་འགན་ཁུར་བ་གཤེེན་མི་དང་། སྤྱང་ཡེ་ཤེས། བེ་རི་རྒྱལ་མཚན་བཅས་ཀྱིས་ཡིད་འཐད་བྱུང་ནས་མ་ཡིག་མཁོ་སྤྲོད་བྱས་པ་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དྲ་བར་མུ་འགོད་བྱས་པ་ཡིན། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-08-03 ལྟ་ཀློག (7836)