
ལས་འབྲས་ནི་བཤད་ཤེས་པ་ཙམ་གྱིས་མི་འོང་།
བཛྲ་ཚུལ་ཁྲིམས་རྒྱ་མཚོ།
ལས་འབྲས་བཤད་ལ་མཁས་ཀྱང་མི་བརྩི་ན།།
སྒྲ་གཏོང་འཁོར་ལོ་ཞིག་གི་དོད་ཙམ་ཡིན།།
རང་གི་ཀུན་སྤྱོད་ཚུལ་མཐུན་བྱེད་ནུས་ན།།
སྨྲ་བ་ཉུང་ཡང་ལས་འབྲས་ཤེས་རྟགས་ཡིན།།
བཙན་པོའི་ཁྲིམས་ལུགས་ཁོ་ནས་གཅུན་དགོས་ན།།
བཟང་ངན་མངོན་ལྐོག་དབྱེ་བས་ཁྱད་པར་ཆེ།།
ལས་འབྲས་སྙིང་ལ་ཞོག་ན་ཀུན་སྤྱོད་ཀུན།།
མངོན་ལྐོག་ཁྱད་པར་མེད་པས་དུས་ཀུན་བདེ།།
ལས་འབྲས་མི་བརྩི་ཡོད་ཚད་ཁྲིམས་ལ་གཏུགས།།
ལས་འབྲས་བརྩི་ན་བཟང་ངན་སེམས་ལ་གཏུགས།།
རང་སེམས་རང་ལ་ལྐོག་ཏུ་མ་གྱུར་བས།།
རང་མགོ་རང་གིས་གཡོག་ན་བླུན་པོའི་ཕུལ།།
ལས་འབྲས་བཤད་ནས་གཞན་ལ་མགོ་བསྐོར་ཀྱང་།།
ལས་ལན་རང་ལ་འཁོར་ན་སྡུག་བསྔལ་ཡིན།།
སྡུག་བསྔལ་ཐང་ནས་ཐོད་ལ་མི་ལེན་ན།།
འཕྲལ་ཕུགས་གང་ཕན་རིག་པས་དཔྱད་ན་ལེགས།།
|