དམིགས་བརྩེ་མ་བགྲང་བའི་ཕན་ཡོན།

དམིགས་བརྩེ་མ་བགྲང་བའི་ཕན་ཡོན།  

དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན།  

  དམིགས་བརྩེ་མས་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་སྟོན་པ་ཡིན་ཏེ།  སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་འཕྲིན་ལས་མཁྱེན་བརྩེ་ནུས་གསུམ་དུ་འདུས་པའི་ཕྱིར་ཏེ།  སངས་རྒྱས་ཐམས་ཅད་ཀྱི་བརྩེ་བའི་ཡོན་ཏན་ཐམས་ཅད་སྙིང་རྗེ་བདག་པོ་སྤྱན་རས་གཟིགས་སུ་འདུས་ཤིང་།  མཁྱེན་པའི་ཡོན་ཏན་ཐམས་ཅད་མཁྱེན་པའི་རང་གཟུགས་འཇམ་པའི་དབྱངས་སུ་འདུས་ཤིང་།  ནུས་པའི་ཡོན་ཏན་ཐམས་ཅད་གསང་བའི་བདག་པོ་འདུ་ཞིང་།  སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་ཡོན་ཏན་དེ་ལས་གཞན་མེད་པའི་ཕྱིར།  མཁྱེན་བརྩེ་ནུས་ཐམས་ཅད་འདུས་པའི་སྤྱི་གཟུགས་བླ་མ་ཙོང་ཁ་པ་ཡིན་ལ།  དེ་ལ་གསོལ་བ་འདེབས་པས།  སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་ཡིན་ཏེ།  སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པའི་ཕྱིར།  གསོལ་བ་འདེབས་པ་ནི་རང་གཞན་དོན་གཉིས་འགྲུབ་པའི་ཆེད་དུ་ཡིན་ནོ། 


མདོ་ལུགས་ཀྱི་དབང་དུ་བཏང་ན།  ཚིག་རྐང་དང་བོས་ཚིག་ཟིན་གྱི་སྙིང་རྗེ་ཆེན་པོ་དང་། ཚིག་རྐང་གཉིས་པས་མཁྱེན་པ་སྟེ་ཤེས་རབ་ཆེན་པོ་དང་། སྙིང་རྗེ་དང་ཤེས་རབ་ནི་ཐེག་ཆེན་ལམ་གྱི་གཞུང་ཤིང་ཡིན་ལ། ཚིག་རྐང་གསུམ་པ་སྙིང་རྗེ་དང་ཤེས་རབ་དབྱེར་མེད་དུ་སྦྱར་བ་ནི་གསང་བའི་བདག་པོས་མཚོན་པས་སངས་རྒྱས་ཐམས་ཅད་ཀྱི་གསང་གསུམ་གཅིག་ཏུ་འདུས་པའི་སྐུ་ནི་བླ་མ་ཙོང་ཁ་པའོ་ཞེས་སྟོན་པར་བྱེད་དོ། 

སྔགས་ལུགས་ཀྱི་དབང་དུ་བཏང་ན།  ཚིག་རྐང་དང་བོའི་སྙིང་རྗེ་དེ་ཐུན་མོང་མ་ཡིན་པའི་སྙིང་རྗེ་སྟེ། བདེ་ཆེན་སྟོན་པ་དང་།  ཚིག་རྐང་གཉིས་པའི་མཁྱེན་པ་སྟེ་སྟོང་ཉིད་རྟོགས་པའི་ཤེས་རབ་སྟོན་པ་དང་།  ཚིག་རྐང་གསུམ་པས་གསང་བདག་དེ་ཕྱག་ན་རྡོ་རྗེ་སྟེ་རྡོ་རྗེ་འཆང་གིས་བདེ་བ་དང་སྟོང་བ་སྦྱར་བ་ལམ་གྱི་རྩ་བར་སྟོན་པའམ་གསང་བ་ནི་བདེ་སྟོང་སྦྱར་བ་དང་།  རྗེ་བླ་མ་ནི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་རྡོ་རྗེ་འཆང་ངོ་ཞེས་སྟོན་པར་བྱེད་ཅིང་།  གསོལ་བ་འདེབས་པ་ནི་རིམ་གཉིས་ཀྱི་ལམ་ལ་བརྟེན་ནས་རང་གཞན་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས་ཞེས་པ་ཡིན་ལ།

དམིགས་བརྩེ་མ་བགྲང་བ་ནི།  སངས་རྒྱས་ཐམས་ཅད་ཀྱི་མཚན་བགྲང་བ་དང་།  ཡི་དམ་ཐམས་ཅད་ཀྱི་སྙིང་བོ་བགྲང་བའི་གོ་ཆོད་པར་གསུངས་སོ།  ཞེས་པ་འདི་ནི་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་གྱིས་བྲིས་སོ།།

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2022-03-05 ལྟ་ཀློག (4171)