མགོན་པོའི་བོད་ཀྱི་ལོང་ཡིག་ལག་རྩལ་གསོ་སྦྱོང་ལྟེ་གནས་ངོ་སྤྲོད་མདོར་བསྡུས།


མགོན་པོའི་བོད་ཀྱི་ལོང་ཡིག་ལག་རྩལ་གསོ་སྦྱོང་ལྟེ་གནས།

阿坝州恩波盲人技能培训中心

    དེ་ཡང་གསོ་སྦྱོང་ལྟེ་གནས་ཀྱི་བྱེད་པོ་བོད་རིགས་ལོང་བ་མགོན་པོ་ལགས་ནི་སྤྱི་ལོ་༡༩༥༢ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཟངས་དཀར་ཡུལ་ཚོ་རུ་སྐྱེས་ཤིང་བོད་ཀྱི་ལོང་ཡིག་གསར་བཟོ་དང་དེའི་ཕྱག་ལས་གནང་མཁན་ཞིག་ཡིན།  སྤྱི་ལོ་2015ལོའི་སྤྱི་ཟླ3པའི་ཚེས26ཉིན་ཁོང་དང་རྔ་བ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཐོག་གི་འབྲེལ་ཡོད་མི་སྣའི་རྒྱབ་སྐྱོར་འོག འབར་ཁམས་གྲོང་མཁར་ནས་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་ནད་བཅོས་འཛིན་གྲྭའི་སློབ་ཁྲིད་ཀྱི་མགོ་དངོས་སུ་བརྩམས་ཐུབ་པ་བྱུང་བར་བཤད།


ལོང་ཡིག་གསར་བཟོ་གནང་མཁན་ལོང་བ་མགོན་པོ་ལགས་ཀྱི་ཉེ་པར།

     ཉིན་དེར་རྔ་བ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་མཆོག་གནས་ལགས་དང་ལས་འཛིན་འགོ་གཙོ་གཞོན་པ་ཧྥུང་ཕེ་ལིན། འབར་ཁམས་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ལྷ་སྒྲོན་སོགས་ཡུལ་དངོས་སུ་ཕེབས་ཤིང་། མགོན་པོའི་བོད་ཀྱི་ལོང་བའི་སློབ་གྲྭ་འཛུགས་པའི་ལྷག་བསམ་ལ་བསྟོད་བསྔགས་བྱས་པ་དང་། ཁོང་གིས་བོད་ཀྱི་གཞོན་སྐྱེས་ལོང་བ་རྣམས་ལ་རིག་གནས་དང་ལག་རྩལ་སྦྱང་སྟེ་རང་གི་འཇོན་ནུས་ཡར་བསྐྱེད་པའི་ཁོར་ཡུག་ཅིག་བསྐྲུན་པར་བསྟོད་བསྔགས་ཚད་མེད་གནང་ཞིང་། ཁོང་གི་རྣམ་དཀར་གྱི་ལས་ཀ་དེར་རྒྱབ་སྐྱོར་གང་ལེགས་གནང་པ་བསྟན་ཡོད།


རྔ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་དང་མཉམ་པར་བསྐྱོན་པ།


མགོན་པོས་བརྩམས་པའི་བོད་ཀྱི་ལོང་ཡིག་ལ་འཇུག་པའི་དམིགས་བུ།

    སྐུ་ཞབས་མགོན་པོ་ལགས་ཁོང་ལ་མཚོན་ན།  འདི་ནི་ཁོང་གིས་མི་ལོ་ཉི་ཤུ་ལྷག་གི་རིང་ལ་དཀའ་བསྐྱེད་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ཞིང་། རང་དང་ལས་དབང་གཅིག་པའི་བོད་ཀྱི་གཞོན་སྐྱེས་ལོང་བ་རྣམས་ལ་ཕན་པ་བསྒྲུབ་འདོད་ཀྱི་ཀུན་སློང་རྣམ་དག་ཅིག་གིས་ཀུན་ནས་བསླངས་པའི་བོད་ཀྱི་ལོང་ཡིག་དམིགས་བུ་འདི་གསར་བཟོ་མཛད་པ་དང་། ད་དུང་བོད་ནི་ནང་ཆོས་དང་ཁ་འབྲལ་ཐབས་མེད་པས་སཾ་སྐྲྀ་ཏའི་ལོང་ཡིག་ཀྱང་མ་བརྩམས་ཐབས་མེད་གྱུར་ཏེ་ལས་རོགས་ཨ་ཁུ་ཤེས་རབ་བློ་ལྡན་གྱི་མཐུན་སྦྱོར་འོག་གསར་དུ་བརྩམས་ནས་སློབ་མ་ཚོས་སྨན་བླ་སོགས་ད་ལྟ་ཁ་ཏོན་བྱེད་ཐུབ་པར་གྱུར་ཡོད།

    ཐོག་མར་རྒན་མགོན་པོ་ལགས་ཀྱིས་བོད་ཀྱི་ལོང་ཡིག་སློབ་དེབ་སློབ་ཁྲིད་བྱེད་པའི་ཁོར་ཡུག་ཅིག་བསྐྲུན་པར། ཕྱོགས་ཡར་མར་གྱི་བླ་ཆེན་མི་ཆེན་དང་ཕྱུག་བདག་ཚོའི་མདུན་དུ་བཀའ་འདྲི་བྱེད་པར་བཅར་ཞིང་། རང་གི་ལོ་ངོ་དུ་མའི་འཕུར་མཉེད་སྨན་བཅོས་ཀྱི་ཉམས་མྱོང་དང་ཤེས་བྱ་དག་བོད་ཀྱི་ལོང་བ་གཞན་དག་ལ་སྩོལ་ཆེད་གསོ་སྦྱོང་འཛིན་གྲྭ་གཉེར་མགོ་བརྩམས་པ་རེད།

   འཛིན་གྲྭ་དེར་ཞུགས་པའི་སློབ་མ་རྣམས་ཀྱིས་སློབ་ཡོན་དང་སྡོད་ཁང་གི་རིན། ཟ་རིན་སོགས་གང་ཡང་སྟེར་མི་དགོས་ཤིང་འགྲོ་སོང་ཚང་མ་མགོན་པོ་ལགས་ཀྱིས་ཐབས་ཇུས་འཐེན་པ་ཡིན་ཟེར།  ལོ་ངོ་གཉིས་ཀྱི་རིང་སློབ་མ་ལྔ་ཡོད་པར་བཤད། དེ་དག་ལ་གང་འཚམ་གྱི་ཤེས་བྱ་ཡོན་ཏན་རྒྱུད་ལ་འབྱོར་བ་དེར་ཁྱིམ་བདག་དང་ས་གནས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཐོབ་ལ། གོང་རིམ་མགོ་ཁྲིད་སོགས་ཀྱིས་གདེང་འཇོག་བླ་མེད་གནང་སྟབས།

    སྤྱི་ལོ་2017ལོའི་སྤྱི་ཟླ3པའི་ཚེས26ཉིན་རྔ་བ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབུ་ཁྲིད་དང་། འབར་ཁམས་གྲོང་ཁྱེར་མི་དམངས་སྲིད་གཞུང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སློབ་ཁང་དང་སྡོད་ཁང་གཞུང་ལས་ཁང་སོགས་གཏན་འཇགས་ཤིག་བཀོད་སྒྲིག་བྱས་འོག་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་བྱུང་ཡོད།  ད་སྐབས་ཁོང་གི་བོད་ཀྱི་ལོང་ཡིག་ལག་རྩལ་གསོ་སྦྱོང་ལྟེ་གནས་ལ་བོད་རིགས་གཞོན་སྐྱེས་ལོང་བ་བཅུ་གཅིག་སླེབས་ཡོད། དེ་དག་ནི་རྔ་བ་རྫོང་དང་ཁྲོ་ཆུ་ཛམ་ཐང་སོགས་ནས་ཡོང་བ་ཡིན།

    སྔོན་ཆད་སློབ་ཁྲིད་བྱེད་ཡུལ་འབར་ཁམས་གྲོང་རྡལ་རྐང་ཐང་བགྲོད་ལམ་གྱི་ཁུལ་གློག་བརྙན་ཀུང་སིའི་སྡོད་གནས་ཐོག་ཁང་གི་ཚན་སྐོར་གཉིས་པའི་རྩེག་༣པའི་སྒོ་རྟགས་༢པ་ཡིན་མོད། ད་སྐབས་འབར་ཁམས་གྲོང་ཁྱེར་མི་དམངས་སྲིད་གཞུང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཐོག་ཁང་འོག་གི་རྩེག་དང་པོ་དང་གཉིས་པར་ཁོ་ཚོ་གནས་སྤོར་བྱས་པས་སློབ་ཁྲིད་ལྟེ་གནས་ཀྱི་ཁོར་ཡུག་ཧ་ཅང་སྐྱིད་པོ་ཆགས་ཡོད། ད་དུང་སློབ་མ་དོ་དམ་པ་ས་གནས་ཀྱི་མི་གཉིས་ཡོད་ལ་རྒྱུན་དུ་སློབ་མ་རྣམས་ཀྱི་གོས་འཁྲུད་པ་དང་ཟས་གཡོ་བ། ཕར་འགྲོ་ཚུར་ཡོང་སྐྱེལ་བསུ་བྱེད་བཞིན་སྒོ་སྲུང་བ་སོགས་གཅིག་ལྕོགས་སུ་འགན་འཁུར་ནས་མགོན་པོའི་ལས་རིགས་རླབས་ཆེན་ལ་གཞོག་འདེགས་བྱེད་བཞིན་ཡོད།


འཕུར་མཉེད་མྱོང་ཁྲིད་ཁང་།

     མགོན་པོའི་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་འཛིན་གྲྭའི་འཁྲིད་བྱའི་ནང་དོན་ལ་བོད་ཀྱི་ལོང་ཡིག་དང་འཕུར་མཉེད་སྨན་བཅོས་བྱེད་ཐབས་ཡོད་པར་མ་ཟད། ནུབ་ལུགས་དངུལ་ཁབ་དང་རྩིས་འཁོར། རྒྱ་ཡིག་རྒྱ་སྐད་སོགས་ཀྱང་ཡོད། ད་སྐབས་འཛིན་གྲྭ་གཉིས་ཡོད་ཀྱང་འཛིན་གྲྭ་དང་བོས་བོད་རྒྱ་གཉིས་ཀྱི་ཡིག་རིགས་སོགས་ལ་རྨང་གཞི་ཡག་པོ་འཇོག་བཞིན་པ་དང་། འཛིན་གྲྭ་གཉིས་པས་སུམ་རྟགས་ཕྱོགས་ནས་བློ་གསལ་འཇུག་ངོགས་ཁྲིད་ཟིན་པ་དང་ད་སྐབས་འཛིན་གྲྭ་གཉིས་མཉམ་དུ་ཁང་དམར་ཨ་ཁུ་བློ་ལྡན་གྱིས་དག་ཡིག་མཁས་དགའ་སོགས་སློབ་ཁྲིད་བྱེད་བཞིན་ཡོད། སློབ་ཁྲིད་གུང་གསེང་བྱ་འགུལ་ལ་བོད་ཀྱི་སྒྲ་སྙན་བདུང་ལེན་དང་རོལ་དབྱངས་རིག་གནས་ལ་དངོས་སྦྱོང་བྱས་ཏེ་སློབ་མའི་སེམས་ཁམས་ལ་སྤྲོ་སྣང་ཡོང་བ་དང་སྔོན་དང་མི་འདྲ་བའི་སེམས་ཤུགས་ཡོང་བར་འབད་བརྩོན་བྱེད་བཞིན་འདུག


ལོང་བའི་འཛིན་གྲྭ་དང་པོ།


རྨང་གཞིའི་རྒྱ་ཡིག་གི་སློབ་དེབ།


ལོང་ཡིག་འདོན་བཞིན་པར་དགེན་གཉིས་ཀྱིས་གཟིགས་ཞིབ་གནང་བཞིན་པ།


དགེ་རྒན་གྱིས་སློབ་མའི་ལོང་ཡིག་གློག་ཀླད་དུ་གཏགས་པར་དག་བཅོས་བྱེད་བཞིན་པ།


ལོང་ཡིག་གི་བཀྲ་ཤིས་བདེ་ལེགས།

    ང་རང་སློབ་ཁྲིད་ལྟེ་གནས་འདིར་དངོས་སུ་སོང་སྟེ་རྒྱུས་ལོན་བྱས་པའི་ཁྲོད་སློབ་མ་རྣམས་ཀྱིས་ངས་གང་བཏོན་པ་དེ་མ་ཐག  ལོང་ཡིག་ཏུ་བསྟན་པ་བཞིན་རེག་ཚོར་གོ་བའི་འབུར་དོད་རྟགས་ཀྱི་མིག་ཁྱིམ་འབུར་མིག་ཁབ་ཀྱིས་གཙག་འབྲི་མགྱོགས་པོར་བྱ་ཐུབ་པར་མ་ཟད་རྗེས་སུ་རེག་ཚོར་གྱི་སྣང་བ་ལ་བརྟེན་ནས་ཆ་ཚང་ཤར་ཀློག་བྱེད་ཐུབ་པས་སློབ་ཁྲིད་ལྟེ་གནས་འདིས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་བཞིན་པ་མཚོན་ཐུབ་པར་སྙིང་ནས་དགའ་འབོད་བྱེད་ཀི་ཡོད།

    ཁོ་ཚོས་བཤད་ན་སློབ་མ་གསར་ཞུགས་ཡིན་སྐབས་རང་མགོ་མི་ཐོན་པས་ཞབས་འདེགས་བྱ་བ་ཅུང་དཀའ་ཡང་རིམ་གྱིས་རང་གི་འགྲོ་ལམ་ཆོད་པ་དང་། མལ་ཐུལ་ལྟེབ་པ། སློབ་ཁང་དང་བར་ཁྱམས་གཙང་དག་བཟོ་བ་སོགས་རྒྱུན་ལྡན་ཞིག་ཏུ་ཆགས་ཡོད་པར་བཤད།  ཁོམ་སྐབས་ཀུན་ཏུ་སློབ་ཁྲིད་ཀྱི་ནང་དོན་སོགས་བསྐྱལ་སྦྱོང་དང་བགྲོ་གླེང་སོགས་ཀྱང་བྱེད་བཞིན་ཡོད་པས་ཁོ་ཚོའི་སེམས་ཁམས་དང་གནས་བབ་ལ་བལྟས་ན་བོད་ཀྱི་ལོང་བ་རྣམས་ལ་འདི་ལྟ་བུའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཅིས་ཀྱང་གལ་ཆེ་བར་འདོད་ལ་འདི་ལས་ལྷག་པའི་དགེ་ལས་ཤིག་བསྒྲུབ་རྒྱུ་མི་འདུག་སྙམ་ན་བོད་མདོ་དབུས་ཁམས་གསུམ་གྱི་མིག་ལོང་དག་ལ་གོ་སྐབས་འདི་འདྲ་སྤྲོད་རྒྱུར་སྙིང་ནས་རེ་བ་ཡོད།


སློབ་མས་སློབ་ཁང་གི་ཁྱམས་ར་ལ་གཙང་དག་བཟོ་བཞིན་པ།


སློབ་མས་རང་གི་མལ་ཐུལ་ལྟེབ་བཞིན་པ།


སློབ་གསེང་བྱ་འགུལ།

      གོ་སྐབས་འདི་འདྲ་ཡོད་ན་བོད་ཀྱི་ལོང་བ་དག་གིས་ཀྱང་གཞན་གྱི་བརྙས་བཅོས་ཁུར་མི་དགོས་ཤིང་ཅི་ཡང་མི་འཇོན་པའི་གནོན་ཤུགས་མྱོང་མི་དགོས་པར་རང་ཁྱིམ་གྱི་སྒོར་བུད་དེ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཞུགས་ཐུབ་པར་མ་ཟད།  རང་གི་དགའ་ཕྱོགས་མི་གཞན་དག་དང་འདྲ་བར་མངོན་འགྱུར་ཡོང་བ་དང་གཞན་ལ་རག་མ་ལས་པར་རང་རྐྱ་ཐུབ་པའི་མི་ཚེ་ཞིག་རོལ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། དེ་བས་ང་ཚོས་མཐོང་བ་ནི་མགོན་པོའི་བོད་ཀྱི་ལོང་ཡིག་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་གྲུབ་འབྲས་བཟང་བོ་དག་ཡིན་མོད། གལ་ཏེ་དེའི་རྒྱབ་ལོགས་ན་ཡིད་འགུལ་ཐེབས་པའི་ལོ་རྒྱུས་གང་མང་ཡོད་པ་དང་། ད་དུང་དཀའ་སྡུག་དང་སེམས་ཚེགས་མྱངས་པ་སོགས་ཚིག་འགས་མཚོན་མི་ཐུབ་པ་མང་པོ་ཞིག་ཡོད་པར་རྒྱུས་ལོན་དང་། མིག་ལོང་གི་འཇིག་རྟེན་དང་དེར་བདེ་སྐྱིད་སྐྲུན་མཁན་དག་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་བྱ་འདོད་ན་གཤམ་གྱི་འབྲེལ་གནས་ལ་བཀའ་འདྲི་བྱས་ཆོག

འབྲེལ་བ་གནང་ས། མགོན་པོ།


15283714669

ཁྱེད་ཚོས་གཟིགས་པར་བཀའ་དྲིན་ཆེ།

གསར་འགོད་པ། ཁཱ་ཤེས་རབ་རྒྱ་མཚོ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2017-09-25 ལྟ་ཀློག (5430)