ཉིས་སྟོང་བཅུ་བདུན་ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་དགོང་ཚོགས།

ཉིས་སྟོང་བཅུ་བདུན་ལོའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་དགོང་ཚོགས།

    ༢༠༡༧ལོའི་སྤྱི་ཟླ༧ཚེས་༨དགོང་མོར་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སྐབས་ཉི་ཤུ་བའི་དགོང་ཚོགས་མ་ཡུམ་སློབ་གླིང་གི་གླིང་སྨད་ཀྱི་ཚོམས་ཆེན་དུ་བསྡུས་ཤིང་།  ད་ལོར་མཐར་ཕྱིན་སློབ་མ་༡༥༠ལྷག་སློབ་མཐར་ཕྱིན།      མཐར་ཕྱིན་དགོང་ཚོགས་སྟེང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་བྱེད་པོ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་དང་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་རྣམ་གཉིས་སྐུ་དངོས་ཀྱིས་མཐར་ཕྱིན་སློབ་མ་རེ་རེར་མཐར་ཕྱིན་འཛིན་ཡིག་སྤྲད་པར་མ་ཟད།   ཁོང་རྣམ་པ་གཉིས་ཀྱིས་ད་ལོའི་མཐར་ཕྱིན་སློབ་མ་གཙོས་པའི་སློབ་གླིང་གི་སློབ་མ་ཡོངས་ལ་ལམ་སྟོན་བསླབ་བྱ་གནད་དུ་འཁེལ་བ་གནང་ཞིང་།  མཐར་ཕྱིན་སློབ་མ་རྣམས་ཀྱིས་ཀྱང་དགེ་རྒན་རྣམས་ལ་ལེགས་སྐྱེས་ཕུལ་ཏེ་གྱེས་ཁའི་སྙིང་གཏམ་ལྷུག་པོར་གླེང་བས་དགེ་སློབ་ཡོངས་དམ་ཚིག་གཙང་མའི་བརྩེ་དུང་ཁྲོད་འབྲལ་མི་ཕོད་པའི་མིག་ཆུས་ངོ་གདོང་བརླན་པར་བྱས་ཤིང་། དགེ་སློབ་སྟོང་ཕྲག་ལྷག་ལྷན་དུ་འཛོམས་པའི་ཚོམས་ཆེན་དེ་ཡང་རེ་ཞིག་གྱེས་གདུང་གི་ཀློང་དུ་དྲངས།  མཐར་འཛིན་གྲྭ་སོ་སོས་མཐར་ཕྱིན་སྐྱེལ་མའི་རིག་རྩལ་སྣ་ཚོགས་འཁྲན་སྟོན་བྱས་ཏེ་དགའ་སྐྱོ་ཟུང་འབྲེལ་གྱིས་དོ་ནུབ་ཀྱི་མཐར་ཕྱིན་དགོང་ཚོགས་མཇུག་བསྡུས་སོ།།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་མཆོག་གིས་ལམ་སྟོན་བསླབ་བྱ་གནང་བ།

སློབ་དཔོན་ཆེན་མོ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ལམ་སྟོན་བསླབ་བྱ་གནང་བ།

སློབ་མ་རྣམས་ལ་མཐར་ཕྱིན་དཔང་ཡིག་སྤྲོད་བཞིན་པ།

སློབ་ཞོར་དུ་སློབ་གླིང་གི་ལས་དོན་ལ་ཞབས་འདེགས་ཞུས་པར་བཀའ་དྲིན་མཚོན་པའི་བྱ་དགའ་གནང་བ།

སློབ་བུ་རྣམས་ཀྱིས་བཀའ་སློབ་ལ་གསན་བཞིན་པ།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-07-09 ལྟ་ཀློག (6742)