སྙན་ངག་ཚན་པ་གཉིས། རྩོམ་པ་བོ། བཛྲ་ཚུལ་ཁྲིམས་རྒྱ་མཚོ།

 དགེ་སློབ་ཟུང་གི་གླེང་མོལ།

ཡིད་འོང་ཉམས་དགའ་རི་ཡི་སུལ་ཞིག་ན།།

གྲྭ་བཙུན་དགེ་སློབ་ཟུང་ཞིག་ཆོས་ལ་བརྩོན།།
ཐུན་དང་ཐུན་མཚམས་ཀུན་ལ་རང་གི་སེམས།།
གཏན་ལ་འབེབས་པའི་གླེང་མོལ་ཡང་ཡང་བྱེད།།
ཉིན་ཞིག་བློ་རིག་གསལ་བའི་བཙུན་ཆུང་དེས།།
ཟབ་ཡངས་མཁྱེན་པའི་ཐུགས་མངའ་སློབ་དཔོན་དེར།།
འཇིག་རྟེན་ཕལ་རྣམས་ཇི་ལྟར་འཚོ་བའི་ཚུལ།།
མདོ་ཙམ་བརྩེ་བས་སྟོན་པར་ཞུ་ཞེས་ཞུས།།
དེ་ཚེ་ཐབས་མཁས་ཐུགས་རྗེ་མཆོག་ལྡན་པའི།།
སློབ་དཔོན་དེས་ཀྱང་རང་གི་སློབ་བུའི་སེམས།།
སྲིད་པའི་བདེ་ལ་ཆགས་པ་སྤོང་བའི་ཕྱིར།།
ཕལ་བའི་ཚུལ་ལ་སྡོམ་ཚིག་འདི་ལྟར་གསུངས།།
བྱིས་དུས་མྱུར་དུ་ཆེན་པོར་གྱུར་ན་བསམ།།
ཆེ་རུ་སོང་ཚེ་གཞོན་དུས་ཡལ་བར་འཁྲེང་།།
ལུས་སེམས་བདེ་ཐང་ཕྱི་ཡི་རྒྱུ་ལ་བརྗེས།།
སླར་ཡང་རྒྱུ་ཡིས་བདེ་ཐང་ཉོ་ལ་བྲེལ།།
ཚེ་མཇུག་བདེ་བའི་ཆེད་དུ་རྒྱུག་ཅིང་འདུར།།
རྙེད་པའི་བདེ་བ་མཆིལ་བའི་ཐལ་བཞིན་འདོར།།
བདེ་སྐྱིད་སྙན་གསུམ་ཆེད་དུ་སྒོར་མོ་འཚོལ།།
སྒོར་མོས་སླར་ཡང་བདེ་སྐྱིད་རྨང་ནས་གཏོར།།
དེ་ནས་དེ་ལ་འགྱོད་ཅིང་སྡུག་བསྔལ་གྱི།།
ངང་ནས་ཡུན་ཐུང་མི་ཚེ་སྐྱེལ་ལ་བྲེལ།།
ལག་ཏུ་སོན་པའི་བདེ་ལ་རོལ་མི་ཐུབ།།
མ་འོངས་བདེ་བ་བསྐྲུན་པའི་ཐབས་ལ་རྨོངས།།
རྒྱུན་དུ་འཆི་བར་འཇིགས་སྐྲག་ཡེ་མི་བསྒོམ།།
འཆི་དུས་འགྱོད་པས་བྲང་ལ་སེན་མོ་འདེབས།།
མདོར་ན་འཇིག་རྟེན་ཕལ་རྣམས་རྨོངས་མུན་གྱིས།།
བློ་མིག་བསླད་པས་བདེ་བ་མཆོག་འདོད་ཀྱང་།།
བདེ་རྒྱུ་དགྲ་ལྟར་འཇོམ་ཞིང་སྡུག་བསྔལ་ལ།།
སྡང་ཡང་དེ་རྒྱུ་འབད་པས་སྒྲུབ་ལ་བརྩོན།།
མཁྱེན་བརྩེ་ནུས་པའི་མཐར་ཕྱིན་སངས་རྒྱས་ཀྱིས།།
ཚུལ་དང་ཚུལ་མིན་ཇི་བཞིན་མཐོང་བའི་མིག།
གསལ་བའི་བདུད་རྩི་སྨན་གྱི་མཆོག་གྱུར་བ།།
བརྩེ་བས་གནང་ཡང་འཇག་རྩྭ་བཞིན་དུ་འདོར།།
འདི་དག་ཀུན་ཀྱང་རང་གིས་སྔར་བྱས་ཀྱི།།
ལས་ཉོན་དགྲ་ཡི་བྱེད་པར་ཤེས་བྱས་ནས།།
མཐུན་རྐྱེན་རྟེན་འབྲེལ་འདི་ལྟར་འཛོམས་པའི་ཚེ།།
དམ་ཆོས་སྒྲུབ་ལ་བརྩོན་ཅིག་རིགས་ཀྱི་བུ།།
ཞེས་གསུངས་ཉིད་ཀྱིས་སྐལ་ལྡན་དེ་ཡི་བློ།།
ལྷག་པར་ཆོས་ལ་བརྩོན་ཅིང་སྙིང་རྗེ་ཡིས།།
མར་གྱུར་འགྲོ་རྣམས་སྒྲོལ་བའི་བྱང་ཆུབ་སེམས།།
བསྐྱེད་པའི་སྙིང་སྟོབས་ལྷག་པར་བརྟན་པོར་གྱུར།།

ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས་བླ་བྲང་ནས་ཟླ་༣ཚེས་༢༡ཉིན།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། རྨ་གཞུང་བཙན་སྲས།



འོད་ཟེར་འཕྲོ་བའི་གནའ་གཏམ་ཞིག།

སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་ཞིག་ན།།
བསྟན་ལ་རབ་ཏུ་བྱུང་བའི་བཙུན་ཆུང་གཉིས།།
ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་ལ།།
ལྷན་ཅིག་བརྩོན་པས་ཕན་ཚུན་གྲོགས་སུ་གྱུར།།
སྐབས་ཤིག་བསོད་ནམས་ཚོགས་རབ་སྤེལ་བའི་ཕྱིར།། 
སྐྱེས་ཆེན་མང་བོའི་བྱིན་རླབས་ཉེར་འཁྱིལ་བའི།།
ངོ་མཚར་གནས་ཆེན་དུ་མར་ལྷན་ཅིག་ཏུ།།
མཇལ་ཞིང་སྐོར་བའི་གོམ་ཁ་ཅི་ཡང་བསྒྱུར།།
ཆོས་ལ་འབད་ཀྱང་རང་སེམས་ཕྲ་མོ་དེ།།
ཐོག་མེད་དུས་ནས་དུག་གསུམ་དང་འགྲོགས་པའི།།
གོམས་པའི་གཤིས་ལུགས་བསྒྱུར་བ་དཀའ་བའི་ཚུལ།།
རྣམ་དཔྱོད་ཅན་ལ་མང་དུ་བཤད་ཅི་དགོས།།
ཉིན་ཞིག་མཐའ་མེད་བྱེ་ཐང་འགྲིམ་པའི་ཚེ།།
ཁོ་གཉིས་མ་འཆམ་འཁོན་རྩོད་ཤོར་བ་ན།།
གཅིག་གི་ཁོང་ཁྲོ་མ་ཁོག་ཁྲོ་བ་རུ།།
འཕོས་པས་གྲོགས་ལ་འགྲམ་ལྕག་གཅིག་ཀྱང་གཞུས།།
གྲོགས་དེའང་སེམས་ནས་ཁྲོས་ཀྱང་ལུས་ངག་གིས།།
ཡ་ལན་མ་སྤྲད་བྱེ་མའི་ཐང་ཆེན་དེར།།
དེ་རིང་བདག་ལ་བདག་གི་གྲོགས་གཅིག་པུས།།
བརྙས་ཤིང་འགྲམ་ལྕག་གཞུས་ཞེས་ཡི་གེར་བཀོད།།
འོན་ཀྱང་སོ་སོར་མ་གྱེས་ལྷན་ཅིག་ཏུ།།
བསྐྱོད་པས་བྱེ་ཐང་བསྐྱུར་ནས་ཆུ་ཀློང་ལ།།
བརྒལ་ཚེ་འགྲམ་ལྕག་མྱོང་བའི་བཙུན་ཆུང་དེ།།
ཆུ་ལ་བྱིང་ཞིང་སྲོག་གི་ཉེན་ལ་ལྷུང་།།
དེ་ཚེ་འགྲམ་ལྕག་བསྣུན་ལ་དཔའ་བ་དེ།།
རང་སྲོག་ཉེན་ལ་མ་འཛེམ་རང་གི་གྲོགས།།
ཆུ་ལས་བསྐྱབས་པར་གྲོགས་པོས་ཡིད་འགུལ་གྱིས།།
དྲིན་ལན་གོར་མོ་རྡོ་ལ་ཡི་གེར་བརྐོས།།
ཚུལ་དེ་མཐོང་ཚེ་སྐྱོབ་མཁན་གྲྭ་བཙུན་དེ།།
ཡ་མཚན་སྐྱེ་བཞིན་བསྐྱབས་པའི་གྲོགས་པོ་ལ།།
སེམས་ལ་ཇི་ལྟར་ཤར་བའི་དྲི་བ་ནི།།
ཁོག་ནས་མ་བསྐུང་འདི་ལྟར་དྲང་མོར་དྲིས།།
སྔ་མར་འགྲམ་ལྕག་བསྣུན་ཚུལ་བྱེ་མར་བྲིས།།
ད་རེས་ཅུང་ཟད་བསྐྱབས་པ་རྡོ་ལ་བརྐོས།།
འདི་ལ་རང་སེམས་གཏན་ལ་འབེབ་བྱེད་ཀྱི།།
གདམས་ངག་ཅི་མཆིས་གྲོགས་ཁྱོད་དྲང་བོར་ཤོད།།
གཙེ་ཚུལ་བྱེ་མར་བྲིས་ན་རླུང་གིས་བསུབ།།
དྲིན་ལན་རྡོ་ལ་བརྐོས་པ་སུ་ཡིས་བསུབ།།
ཚུལ་འདི་སེམས་ལ་བཟུང་ན་རང་གཞན་སྐྱིད།།
སྡུག་གི་ཁུར་བོ་ཡུན་རིང་འཁུར་དོན་ཅི།།
ཞེས་སོགས་རང་སེམས་གཏན་ལ་འབེབ་བྱེད་ཀྱི།།
ཐབས་ཚུལ་གཞན་ཡང་མ་གསང་དྲང་བོར་བཤད།།
དེ་ནས་ཁོ་གཉིས་སེམས་ཀྱི་ཟླ་ཤེལ་ཁམས།།
སྒྲིབ་བྱེད་འཁོན་འཛིན་སྤྲིན་པས་རྨང་ནས་དོར།།
མཛའ་ཞིང་གཅུགས་པའི་འོད་ཀྱི་སྣ་བ་དང་།།
འགྲོགས་ནས་དགའ་བཞིན་མདུན་ཕྱོགས་ལམ་ལ་ཆས།།
ཞེས་བཛྲ་ཚུལ་ཁྲིམས་རྒྱ་མཚོས། བླ་བྲང་བཀྲ་ཤིས་འཁྱིལ་ནས།ཟླ་3པའི་ཚེས་22ལ།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། བན་ཤུལ་འབུམ་རྩེ་ཡག


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-18 ལྟ་ཀློག (4747)