ཐོན་མིའི་སློབ་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་ཚོགས་ཆེན།

  གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་ཚོགས་ཆེན།

  ༢༠༡༧ལོའི་སྤྱི་ཟླ༤ཚེས་༨ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་སྐབས་བཞི་བའི་རྒྱུན་ལས་ཚོགས་ཆེན་མ་ཡུམ་སློབ་གླིང་གི་གླིང་སྟོད་ཀྱི་སྒྲ་བསྒྱུར་གཙུག་ལག་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་།   ཐེངས་འདིའི་ཚོགས་ཐོག་ཏུ་ཡུལ་ཤུལ་དང་ཁྲིན་ཏུའུ།  ཀན་སུའུ།  སི་ཁྲོན།  པེ་ཅིང་།   མཚོ་སྔོན་སོགས་ས་གནས་སོ་སོ་རུ་ལས་རྐང་སྣ་ཚོགས་ལ་ཞུགས་པའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་རྣམས་ཐེངས་འདིའི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་ཆེན་སྟེང་དུ་ཞུགས་ཤིང་།   ཚོགས་གཙོ་ཁཱ་ཤེས་རབ་ལགས་ཀྱིས་ལོ་འགའི་རིང་གི་ཐོན་མིའི་སློབ་ཚོགས་ཀྱི་བྱ་བ་སྤྱི་བསྡོམས་དང་ལས་གཞི་སོ་སོ་ཞིབ་ཕྲའི་ངང་མཚམས་སྦྱོར་གནང་བ་དང་།   དྲུང་ཡིག་ཆེན་མོ་འབའ་སྣང་གྲོལ་ལགས་ཀྱིས་ལོ་འགའི་རིང་གི་བྱ་བའི་ཉམས་མྱོང་དང་འབྲེལ་ནས་ཐོན་མིའི་སློབ་ཚོགས་ཀྱི་མ་འོངས་འཆར་གཞི་དང་ནུས་པ་འདོན་དགོས་ས་གཙོ་བོ་གཉིས་ཀྱི་སྟེང་ནས་གཏམ་བཤད་བྱས་པར་མ་ཟད།   མཇུག་ཏུ་ལོ་གཉིས་ཀྱི་ཐོན་མིའི་སློབ་ཚོགས་ཀྱི་རྩིས་ཐོ་ཞིབ་ཕྲའི་ངང་སྙན་ཞུ་ཕུལ།   དྲུང་ཡིག་པ་བན་ཤུལ་འཇམ་དབྱངས་ལགས་ཀྱིས་རྒྱུན་ལས་སོ་སོའི་འགན་ཁུར་སྤྱི་བསྡོམས་དང་འབྲེལ་ནས་ལས་གཞི་གསར་བའི་ཕྱོགས་ཀྱི་གཏམ་བཤད་བྱས་པ་དང་།  ཚོགས་གཞོན་མགོན་པོ་རྡོ་རྗེ་ལགས་ཀྱིས་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པར་མ་ཟད།  རྒྱུན་ལས་རེ་རེས་རང་གི་ལྟ་ཚུལ་དང་འབྲེལ་ནས་ཐོན་མིའི་སློབ་ཚོགས་ཀྱི་ཕྱོགས་ཡོངས་ལ་བསམ་ཚུལ་སྦ་གསང་མེད་པར་བརྗོད།  མཇུག་ཏུ་དགེ་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཚོགས་འདུ་སྤྱི་བསྡོམས་དང་ཐོན་མིའི་སློབ་ཚོགས་ཀྱི་ཁ་ཕྱོགས་དང་འབྲེལ་བའི་ལམ་སྟོན་བསླབ་བྱ་གལ་ཆེན་གནང་བ་དང་།   གཞན་ཚོགས་འདུའི་སྟེང་དུ་གངས་ལྗོངས་གཅེས་ནོར་སྤྲི་ཆུར་བཟོ་གྲྭའི་འགན་ལེན་པ་པད་མ་མཁའ་འགྲོ་དང་། ཏིང་འཛིན།  བསྟན་ཁོ་བཅས་ཆེད་དུ་མཉམ་ཞུགས་གནང་བ་དང་།  གངས་ལྗོངས་སྤྲི་ཆུར་བཟོ་གྲྭ་མཚམས་སྦྱོར་དང་ཁེ་ལས་ཀྱི་ཁ་ཕྱོགས། སྒྲིག་གཞི་སོགས་ཀྱི་སྟེང་ནས་སོ་སོ་ནས་གཏམ་བཤད་གནང་ཞིང་། རྒྱུན་ལས་སོ་སོས་ཀྱང་དེའི་ཕྱོགས་ལ་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་ནས་མཇུག་ཏུ་ཐོན་མིའི་སློབ་ཚོགས་དང་གངས་ལྗོངས་གཅེས་ནོར་སྤྲི་ཆུར་བཟོ་གྲྭ་གཉིས་མཉམ་འབྲེལ་སྒོས་ཁེ་ལས་དར་སྤེལ་གཏོང་རྒྱུར་གྲོས་ཐག་བཅད་པར་མ་ཟད།  མཇུག་མཐར་ཐོན་མིའི་སློབ་ཚོགས་ཀྱི་ཕུལ་བྱུང་རྒྱུན་ལས་རྣམས་ལ་རྟིང་སྐུལ་བྱ་དགའ་བྱིན་ཏེ་དུས་ཚོད་དྲུག་ལྷག་གི་སྤྱི་བསྡོམས་དང་བགྲོ་གླེང་བདེ་བླག་ངང་མཇུག་རྫོགས་སོ།།


ཚོགས་འདུའི་ཡུལ་ངོས།


རྒྱུན་ལས་རྣམས་ཀྱིས་བགྲོ་གླེང་གནང་བཞིན་པ།

ཕུལ་བྱུང་རྒྱུན་ལས་རྣམས་ལ་བྱ་དགའ་གནང་བཞིན་པ།

ཚོགས་ཞུགས་རྒྱུན་ལས་རྣམས་ཀྱི་མཉམ་པར།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-04-08 ལྟ་ཀློག (6088)