གསར་འགོད་པ་དཔའ་རིས་རབ་རྒྱས་དགོན་དུ་བསྐྱོད་པ།
གསར་འགོད་པ། འབའ་སྣང་གྲོལ།
དཔའ་རིས་རབ་རྒྱས་དགོན་ཐོས་བསམ་དར་རྒྱས་གླིང་ནི་མདོ་སྨད་ཙོང་ཆུའི་བྱང་རྒྱུད་དཔའ་རིས་པྲ་སྟི་ཞེས་པའི་ཡུལ་དུ་ཆགས་ཡོད་ཅིང་། ཐུའི་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར་དུ་བདག་ཉིད་ཆེན་མོ་པྲ་སྒོམ་ཆོས་ཀྱི་རྡོ་རྗེ་མཆོག་བྱོན་དུས་ཇོ་བོ་རྗེ་བོད་དུ་མ་ཕེབས་པའི་གོང་ཡིན་པར་གསུངས་པར་གཞིགས་ན་མ་མཐའ་ཡང་དགོན་པ་འདི་ཉིད་སྤྱི་ལོ༡༠༤༠ཡར་སྔོན་དུ་པྲ་སྒོམ་ཆོས་ཀྱི་རྡོ་རྗེ་མཆོག་གིས་བཞེངས་པར་གོ་ཐུབ་པས་ད་ལྟའི་བར་དགོན་པ་འདི་ལ་ལོ་ངོ་སྟོང་ལ་ཉེ་བ་ཞིག་གི་ལོ་རྒྱུས་ཡོད་ལ། རབ་རྒྱས་དགོན་འདི་ཉིད་ཕྱིས་སུ་པྲ་སྟི་ནང་སོ་དཔལ་བཟང་དང་རབ་རྒྱས་སྐུ་ཕྲེང་རིམ་བྱོན་གྱིས་རིམ་པར་བསྐྱངས་པར་གྲགས་ཤིང་། དགོན་པ་ཧ་ཅང་རྒྱས་ཆེ་བའི་སྐབས་ན་གྲྭ་ཚང་སྟོང་ཕྲག་གཅིག་འདུས་པར་བཤད། གོང་མ་བདེ་སྐྱིད་རྒྱལ་བོས་དགོན་འདི་ཉིད་ལ་རྒྱལ་སྐྱོང་དགོན་པའི་ཆོ་ལོ་བསྩལ་བ་སོགས་ཀྱི་ལོ་རྒྱུས་ཀྱི་སྒྲོས་ལས་ང་ཚོས་དགོན་འདི་ལོ་རྒྱུས་སྟེང་ཧ་ཅང་སྐད་གྲགས་ཆེ་བ་ཤེས་ཐུབ། རིག་གསར་སྐབས་བོད་ཀྱི་དགོན་སྡེ་སྤྱིའི་ལས་དབང་བཞིན་དགོན་པ་འདི་ཉིད་ཀྱང་རྩ་གཏོར་བྱས་ཤིང་། ༡༩༨༠ལོར་སླར་ཡང་ཆོས་སྒོ་ཕྱེས་པར་མ་ཟད། ༡༩༨༤ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་དངོས་དགོན་འདིར་ཕེབས་ནས་བྱིན་རླབས་མཛད། ད་ལྟ་རབ་རྒྱས་སྐུ་ཕྲེང་ལྔ་བ་བློ་བཟང་བསྟན་པ་རབ་རྒྱས་མཆོག་གིས་དགོན་པ་འདི་སྐྱོང་མུས་སུ་ལགས་ཤིང་། དགེ་སློང་ཚུལ་ཁྲིམས་སོགས་གྲྭ་བ་བཅུ་ཕྲག་ཙམ་བཞུགས། ཡིད་ཕངས་པ་ཞིག་ལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་འདི་ཉིད་གནས་འདིར་སྤར་བ་ནས་བཟུང་ཡ་ང་བའི་ལོ་རྒྱུས་ཀྱིས་རྨ་ཤུལ་རབས་དང་རིམ་པ་ཁུར་ནས་དུས་རབས་ཀྱི་དཔང་བོར་གྲོང་ངེར་འགྱིང་བའི་དཔའ་རིས་ཡུལ་གྱི་ཆེས་སྔ་གྲོས་སུ་གཏོགས་པའི་གནའ་བོའི་དགོན་རྙིང་འདིའི་ལས་དབང་ཡང་བསྐྱར་མི་རིགས་འདྲེས་མའི་འུར་ཟིང་དང་ཨར་འདམ་གྱི་ཁང་བརྩེགས་སྣ་ཚོགས། མཐའ་མི་མངོན་པའི་སྦག་གཙོག་གི་ཁྲོད་དུ་ཐིམ་པར་བྱས་ཤིང་། ང་ཚོས་གནའ་བོའི་བོད་ཀྱི་དགོན་སྡེ་འདིའི་ལོ་རྒྱུས་དྲན་པའི་མོད་ལ་རང་ཉིད་དང་ཧ་ཅང་བར་ཐག་རིང་བའི་ཡུལ་འདིའི་མི་ཚོགས་ལ་ཅེར་ནས་རང་ཉིད་ལའང་གཏན་ནས་ཡིད་མི་ཆེས་པའི་འཚུབ་ཆ་ཞིག་ངང་གིས་བྱུང་ངོ་།།

གསར་འགོད་པ་དཔའ་རིས་རབ་རྒྱས་དགོན་དུ་སླེབས་པ།

དགོན་པའི་ནང་རྟེན།

དེང་སྐབས་རྫོང་གི་དཀྱིལ་སྙིང་ཐང་ཆེན་ཏེ་སྔོན་གྱི་དགོན་པའི་འདུ་ཁང་གི་གནས།
དགོན་པའི་འཁོར་ར་འཁོར་ཡུག་གི་རྫོང་མཁར།

དགོན་པ་བསྐྱར་བཞེངས་ཀྱི་འཆར་བཀོད།
|