རིན་པོ་ཆེའི་བསྟན་བཅོས།

རིན་པོ་ཆེའི་བསྟན་བཅོས།

            གུང་ཐང་བསྟན་པའི་སྒྲོན་མེ།

 མཚན་མོའི་ལམ་བགྲོད་དཀའ་ཚེགས་ཆེ།།

ནོར་བུའི་སྣང་བར་བརྟེན་པས་བདེ།།

གསུང་རབ་བདེ་བླག་རྟོགས་པའི་ཆེད།།

ལམ་སྟོན་བཤེས་གཉེན་མིག་ལྟར་གཅེས།།

 

རིན་ཆེན་མགུལ་རྒྱན་འཕྱང་འཕྲུལ་གྱིས།།

མགྲིན་པ་ཡིད་འོང་བྱེད་པ་བཞིན།།

ལེགས་བཤད་གཏམ་གྱི་སྦྱོར་བ་ནི།།

བློ་གསལ་མགྲིན་པའི་མཛེས་གྱུར་ཅིག

 

བྱད་བཞིན་དངོས་དང་དེའི་གཟུགས་བརྙན།།

མེ་ལོང་ཤར་བ་འདྲ་སྣང་འཆར།།

བཅོས་མའི་དད་དང་དད་པ་གཉིས།།

འདྲ་སྣང་འཆར་ཡང་ཁྱད་པར་ཆེ།།

 

ལོངས་སྤྱོད་དོན་དུ་རིན་པོ་ཆེ།།

གསོག་སྒྲུབ་བྱེད་ཚེ་རྐུན་མ་སྡང་།།

ཐོས་སོགས་ཡོན་ཏན་དོན་གཉེར་ཚེ།།

བག་མེད་རྐུན་པོས་འཁྱེར་ཉེན་ཡོད།།

 

སྔར་རྙེད་ནོར་བུ་དོར་ནས་ནི།།

ཕྱི་མ་ལེན་ལ་དགའ་བ་ཡོད།།

སློབ་མ་ངན་པས་བླ་མ་ལ།།

སྐྱོན་དུ་བལྟ་ཞིང་ཕྱི་མ་བཙལ།།

  

གསེར་གྱི་ཡོན་ཏན་མི་ཤེས་འགའ།།

མིག་ལ་གནོད་ཅེས་དོར་བ་ཡོད།།

དེང་དུས་སྐྱེ་སྤྲུལ་ཕལ་ཆེར་ཞིག།

དགེ་རྒན་འཁུར་དུ་མཐོང་ནས་འདོར།།

 

རིན་ཆེན་མདུན་དུ་སྤུངས་ན་ཡང་།།

རྡོ་དང་ཁྱད་མེད་རྐང་བས་བརྫི།།

དེ་འདྲའི་རྨོངས་པས་ཟིལ་མནན་པའི།།

དུད་འགྲོའི་སྐྱེ་གནས་ཡ་རེ་ང་།།

 

གསེར་སོགས་རིན་ཆེན་སྣ་བདུན་གྱི།།

བང་མཛོད་ཐབས་ཀྱིས་བསྒྲུབས་པ་བཞིན།།

ཡོན་ཏན་བདུན་གྱིས་ཉེར་མཛེས་པའི།།

རྟེན་བཟང་འཐོབ་པའི་ཐབས་ལ་འབད།།

 

ཆུ་གཏེར་ནོར་བུའི་བུམ་པ་ལས།།

དག་བྱེད་རྒྱུན་འབབ་དྲི་མ་འཁྲུད།།

ཚུལ་ཁྲིམས་གང་གྭ་རྒྱུན་བཟང་བོ།།

བསྟེན་པའི་ཉེས་སྤྱོད་དྲི་མ་འཁྲུད།།

 

ནོར་བུའི་མཆོག་དམན་བྱེ་བྲག་གིས།།

འོད་ཀྱང་ཆེ་ཆུང་འབྱུང་བ་ལྟར།།

ལམ་བཟང་སྒྲུབ་ཚེ་བརྩོན་འགྲུས་ཀྱི།།

ཁྱད་ལས་ས་ཆོད་ཆེ་ཆུང་འབྱུང་།།

 

བརྩོན་པ་ཤུགས་དྲག་རྒྱུན་རིང་བས།།

རིན་ཆེན་རི་བོ་འབིག་པར་སྣང་།།

མི་ལྡོག་བརྟན་པའི་བརྩོན་འགྲུས་ཀྱིས།།

གང་བརྩམས་ལས་ཀྱི་མཐའ་རྣམས་འགྲུབ།།

 

བརྩོན་པའི་རབ་ཏུ་བརྡར་བ་ཡི།།

རིན་ཆེན་རལ་གྲིས་འཁྲི་ཤིང་གཅོད།།

ཡང་ཡང་སྦྱངས་པའི་ཤེས་རབ་ཀྱིས།།

རྨོངས་པའི་དྲ་བ་གཅོད་པར་བྱེད།།

 

ནོར་བུ་དགྲ་བོའི་དཔུང་འཇོམས་སོགས།།

ཉེར་མཁོ་ཆགས་མེད་སྦྱིན་པ་ལྟར།།

གཞན་བདེ་མཆོག་ལ་སྦྱོར་འདོད་པས།།

རང་གི་བདེ་བ་རྩྭ་ལྟར་འདོར།།

 

མཐོ་དམན་གང་ཡང་དགའ་སྐྱེད་རྫས།།

རིན་པོ་ཆེ་ལས་གཞན་ན་གང་།།

སྙན་སྨྲ་གཙོ་བོ་ལེགས་བཤད་སྨྲ།།

གང་ཕན་ཚིག་སྦྱོར་ཚུལ་མཁས་ཡིན།།

 

རིན་ཆེན་སྦྱིན་ན་དགའ་ལེགས་ཏེ།།

སྟེར་བའི་ཚིག་ཙམ་དེ་ལྟ་མིན།།

དོན་སྤྱོད་བཟང་བོ་སྙིང་ནས་འཇུག།

ཁ་བཤད་ཙམ་གྱིས་མཐར་མི་ཕྱིན།།

 

དེད་དཔོན་ཡིད་བཞིན་ནོར་བུ་ལེན།།

དོན་མཐུན་རྒྱ་མཚོའི་འཇིགས་ལས་སྒྲོལ།།

སློབ་དཔོན་ལེགས་བཤད་ནོར་བུ་འདྲེན།།

གདུལ་བྱ་སྲིད་མཚོ་ཆེ་ལས་སྒྲོལ།།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ། ནག་བཟའ་བློ་བཟང་ཆོས་གྲགས།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2017-01-28 ལྟ་ཀློག (3845)