རྔ་བ་རུ་ཐོན་མིའི་སློབ་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ།

སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་ཆོས་རྩོམ་སྒྲིག་གླེང་མོལ་ཚོགས་འདུ་དང་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་འཚོགས་པ། 

   སྤྱི་ལོ༢༠༡༧ལོའི་ཟླ༡ཚེས༡༦ ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོའི་གསུང་ཆོས་རྩོམ་སྒྲིག་ཁང་གི་སྐབས་དང་བོའི་གླེང་མོལ་ཚོགས་འདུ་དང་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་བསྡུས་པའི་རིག་གཞུང་བགྲོ་གླེང་རྔ་བ་རུ་གཟབ་རྒྱས་ངང་འཚོགས་པར་མ་ཟད།  ཚོགས་ཐོག་ཏུ་མཐར་ཕྱིན་སློབ་མ་སོ་སོས་རང་གི་བསམ་ཚུལ་ལྷུག་བརྗོད་གནང་བ་དང་།  ལྷག་དོན་དུ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་གྱི་ལིང་འཇིགས་མེད་དང་།   དགེ་རྒན་རུ་མང་འཕྲིན་ལས་རྒྱ་མཚོ།    དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོ།     དགེ་རྒན་བསམ་འཕེལ་རྡོ་རྗེ་སོགས་ཆེད་དུ་ཐོན་མིའི་སློབ་ཚོགས་ཀྱིས་གདན་འདྲེན་ཞུས་ཏེ་དུས་ཚོད་གསུམ་གྱི་རིང་ལ་བགྲོ་གླེང་བྱས་ཤིང་།  དགེ་རྒན་གྱི་ལིང་འཇིགས་མེད་ཀྱིས༼ཆོས་སྲིད་ཟུང་འབྲེལ་དང་ཆིག་སྒྲིལ་སྐོར་བཤད་པ༽ཞེས་པའི་ཁ་བྱང་དང་འབྲེལ་ཏེ་གསུང་གླེང་མཛད།དགེ་རྒན་རུ་མང་འཕྲིན་ལས་རྒྱ་མཚོས༼དམངས་སྲོལ་རིག་གནས་དང་འབྲེལ་བའི་བསམ་བློའི་སློབ་གསོ་གླེང་བ།༽ཞེས་པའི་ཁ་བྱང་དང་འབྲེལ་ཏེ་གསུང་གླེང་མཛད།  དགེ་རྒན་བླ་ནག་པ་སྐལ་ལྡན་རྒྱ་མཚོས༼དབུ་མའི་སློབ་གསོ་དང་རིག་གཞུང་བསམ་བློ ༽ཞེས་པའི་ཁ་བྱང་དང་འབྲེལ་ཏེ་གསུང་གླེང་མཛད་ཅིང་ཉན་མཁན་དག་གིས་རང་རང་གི་ལྟ་ཚུལ་གྱི་རྒྱབ་རྟེན་འོག་དགེ་རྒན་རྣམ་པའི་གསུང་གླེང་ཐད་ལ་དྲི་བ་བཏོན་པ་དང་།  དགེ་རྒན་རྣམ་པས་ཀྱང་དུས་ཚོད་དམ་འཛིན་ངང་རྣམ་དཔྱོད་དང་ལྡན་པའི་ལན་གནང་བས་ཚོགས་ཞུགས་པ་ཡོངས་ཀྱིས་དགའ་བསུ་བླ་མེད་གནང་།  ཐེངས་འདིའི་བགྲོ་གླེང་དུ་ཞུགས་པའི་མི་སྣ་ནི་དམའ་འབྲིང་སློབ་མ་ནས་བཟུང་མཐོ་འབྲིང་།    སློབ་ཆེན།   དགེ་རྒན།  སྨན་པ།   གཞུང་ཞབས་པ།   ཚོང་བ།  དགེ་བཤེས་སོགས་སྐྱ་སེར་ཕོ་མོ་རིས་སུ་མ་ཆད་པར་སུམ་བརྒྱ་ལྷག་འདུ་འཛོམས་བྱས་ཡོད།


གསུང་ཆོས་རྩོམ་སྒྲིག་ཚོགས་འདུའི་ཡུལ་དངོས། 


གསུང་ཆོས་ཕྱོགས་བསྡུས། 

 

གསུང་ཆོས་འཚོལ་སྡུད་ཚན་ཆུང་གི་མཉམ་པར། 


རྭ་རྒྱའི་དགེ་རྒན་རྣམས་ཀྱིས་གགཏམ་བཤད་གནང་བཞིན་པ། 


ཐོན་མིའི་སློབ་ཚོགས་ཀྱི་བགྲོ་གླེང་ཡུལ་དངོས། 



གསར་འགོད་པ།  མགར་པད་མ།    

རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2017-01-17 ལྟ་ཀློག (4209)