སྤྱི་ལོ་༢༠༡༦ལོའི་ཟླ་༡༢བའི་ཚེས་༡༧ཉིན། གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་བཟོ་གྲྭས་མཚན་གསོལ་མཐུན་རྐྱེན་སྦྱར་བ་དང་། ཚོ་ཤོག་གསར་པའི་ཁེ་ལས་བློ་འདོན་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་བྱས་པའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་གནའ་མཁར་ཟི་ལིང་ཝན་ཏ་མགྲོན་ཁང་ཆེན་མོ་རུ་གཟབ་རྒྱས་ངང་འཚོགས། ཐེངས་འདིའི་གླེང་སྟེགས་སུ་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཁེ་ལས་པའི་འཐུས་ཚབ་དང་ལས་རིགས་གསར་གཏོད་ལ་འབད་བཞིན་པའི་ན་གཞོན་ཁེ་ལས་པའི་འཐུས་ཚབ། དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་ཆེད་ལས་མཁས་པ་དང་། རེ་འདུན་དང་ཡིད་ཆེས་ཀྱིས་ཕྱུག་པའི་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་མི་ཆིག་སྟོང་ལྷག་ལྷན་འཛོམས་བྱུང་ཡོད།
གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་བཟོ་གྲྭའི་འགན་འཛིན་པ་དང་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་སློབ་གཙོ་ཨ་ཁུ་ཤེས་རབ་རྒྱ་མཚོ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་གླིང་གཙོ་རྒན་སྐལ་བཟང་རྒྱ་མཚོ། འཇིགས་མེད་བོད་སྨན་གྱི་འགན་འཛིན་པའམ་བོད་ཀྱི་ཁེ་ལས་པ་གྲགས་ཅན་འཇིག་མེད་ཕུན་ཚོགས་སོགས་ཀྱིས་ཁེ་ལས་གཉེར་བའི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་གཞིར་བཟུང་ནས་ཁེ་ལས་པ་ཞིག་ལ་འཛོམས་དགོས་པའི་རྨང་གཞིའི་ཆ་རྐྱེན་དང་བསམ་བློའི་འདུ་ཤེས་སོགས་ཀྱི་ཕྱོགས་ནས་བགྲོ་གླེང་བྱས་པར་མ་ཟད། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོམ་རའི་འཇོན་མིའི་ཐོན་ཁུངས་ཀྱི་གནས་བབས་ལ་དབྱེ་ཞིབ་བྱས་ཏེ། རིན་ཐང་ལྡན་པའི་བསམ་ཚུལ་དང་རེ་བ་ནན་མོ་བཏོན། ཁོ་ཚོས་བགྲོ་གླེང་ལས་བསྟན་དོན། ལས་རིགས་གསར་གཏོད་ཀྱི་ལམ་ཁ་འགྲིམ་པའི་བོད་རིགས་ན་གཞོན་རྣམས་ཀྱིས་རང་ཉིད་ཀྱི་མི་ཚེའི་འཆར་འགོད་དང་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ངེས་པར་དུ་བསམ་བློ་རྣམ་དག་དང་། དམིགས་འབེན་ངེས་གཏན་བྱེད་དགོས་པའི་བསླབ་བྱ་གནང་། བོད་ལྗོངས་དངོས་གྲུབ་བཅའ་ཁྲིམས་འདྲི་གཅོད་ཁང་གི་ཁྲིམས་གཅོད་པ་དངོས་གྲུབ་ཀྱིས་ཁ་བྱང་ལ༼མི་རིགས་ས་ཁུལ་གྱི་ཚོང་རའི་ཁྲིམས་ལུགས་སྐོར་གླེང་བ༽ཞེས་པའི་གཏམ་བཤད་སྤེལ། གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་བཟོ་གྲྭའི་འགན་འཛིན་པ་ཨ་ཁུ་ཤེས་རབ་རྒྱ་མཚོས་ཁེ་ལས་འཛུགས་རྒྱུའི་ཐོག་མའི་ཀུན་སློང་དང་། མི་རིགས་སློབ་གསོའི་འཛུགས་སྐྲུན་ཐད་བཏོན་པའི་སེམས་ཤུགས། མ་དངུལ་བསྡུས་ནས་དཔའ་ལུང་རྫོང་བ་ཤིས་སྡེ་བ་ནས་སློབ་ཆུང་བཙུགས་ཏེ་སློབ་གྲྭ་དང་ཁེ་ལས་མཉམ་གནས་ཀྱི་རྣམ་པ་ཆགས་ཡོད་པའི་གནས་ཚུལ་སོགས་ཀྱི་ཐད་ནས་གཏམ་བཤད་ཡིད་འཁུལ་བ་ཞིག་སྤེལ་བ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་གླིང་གཙོ་སྐལ་བཟང་རྒྱ་མཚོས་ཁ་བྱང་ལ་༼བོད་ཀྱི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན༽ཞེས་པའི་གཏམ་བཤད་སྤེལ་བ་དང་། ཟི་ལིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ཞིན་ཚུང་དབྱིན་གྱིས་སྲིད་གཞུང་གི་རོགས་སྐྱོར་འོག་སློབ་ཆེན་མཐར་ཕྱིན་སློབ་མས་རང་བརྟེན་གསར་གཏོད་ཀྱི་སྲིད་ཇུས་ཅི་ལྟར་བེད་སྤྱོད་བྱེད་པའི་ཐད་ནས་འགྲེལ་བཤད་བྱས།
ཚོགས་ཞུགས་པ་ཚོས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ལས་ཁེ་ལས་བར་གྱི་ཕན་ཚུན་འབྲེལ་བ་གཏིང་ཇེ་ཟབ་ཏུ་བཏང་བར་མ་ཟད། ད་དུང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་བརྗེ་རེས་ཀྱི་སྟེགས་བུ་ཞིག་ཀྱང་ཡིན་ལ། དཔལ་འབྱོར་སྲིད་ཇུས་ལ་སློབ་སྦྱོང་དང་། ཐོན་ཁུངས་མཉམ་སྤྱོད། ཕན་ཚུན་ལྟ་སྐུལ་དང་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་ཞིག་ཀྱང་ཡིན་པས། ཁེ་ལས་པ་ཚོར་བློ་སྐྱེད་རྒྱ་ཆེན་པོ་ཐོབ་ཡོད་པ་རེད། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གླེང་སྟེགས་སྟེང་དུ་གངས་ལྗོངས་དགའ་ཡ་བཟོ་གྲྭས་༢༠༡༧ལོའི་གནམ་ལོ་གསར་ཚེས་ལ་ཆེད་དུ་དམིགས་ཏེ་༢༠༡༧ལོའི་གངས་ལྗོངས་དགའ་ཡ་བཟོ་གྲྭའི་ཐོན་རྫས་གསར་བ་འགྲེམ་སྤེལ་བྱས་པས་ཚོགས་ཐོག་ཏུ་འཛོམས་པའི་གདན་ཞུའི་མི་སྣ་དང་ཁེ་ལས་པ། ཚོང་གཉེར་བ། སློབ་མ། གསར་འགོད་པ་སོགས་མང་མང་གིས་གངས་ལྗོངས་དགའ་ཡ་འབྲོག་ཞུན་ཟས་མཆོག་ལ་མྱོང་རོལ་དང་དགའ་ཡ་གསོལ་ཇ་དང་དགའ་ཡ་ལྷ་དར་བཅས་ལ་བསྟོད་བསྔགས་ཚད་མེད་གནང་།
ད་ཐེངས་ཀྱི་དཔལ་འབྱོར་བགྲོ་གླེང་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་བོད་ཁུལ་གྱི་ཁེ་ལས་བར་ཕན་ཚུན་བསམ་བློ་བརྗེ་རེས་དང་། ཕན་ཚུན་སློབ་སྦྱོང་དང་ལྟ་སྐུལ་བྱས་ཏེ་རྒྱལ་ཁབ་ཀྱི་སྲིས་ཇུས་གསར་བ་དང་དཔལ་འབྱོར་ཐབས་ཇུས་ལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་རྒྱུ་དང་། བོད་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་རྒྱུ་དེ་རེད། ཐེངས་འདིའི་གླེང་སྟེགས་ནི་མཚོ་སྔོན་ཚོ་ཤོག་གསར་བའི་ཁེ་ལས་བློ་འདོན་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་མཛད་པ་ཡིན་ལ། སྤྱི་གཉེར་ཁང་འདི་ནི་མཚོ་སྔོན་བོད་ཁུལ་གྱི་ཁེ་ལས་ཆུང་འབྲིང་དང་། ཞིང་འབྲོག་ས་ཆའི་མཉམ་ལས་ཁང་། མི་སྒེར་གྱི་བཟོ་ཚོང་ལས་རིགས་སོགས་ལ་ཁ་གཏད་ནས་ཞབས་ཞུ་གནད་ལ་བཟུང་སྟེ་ཕྱོགས་བསྡུས་བློ་འདོན་བྱེད་པའི་སྤྱི་ཚོགས་ཁེ་ལས་ཤིག་ཡིན་ལ། གཙོ་བོ་བོད་ཁུལ་གྱི་ཁེ་ལས་ཆུང་འབྲིང་དག་གི་ནང་ཁུལ་གྱི་གསབ་སྦྱོང་དང་ནོར་སྲིད་དོ་དམ། རྣམ་པ་ཇུས་འགོད། ཁེ་ལས་ཕན་ཚུན་བར་བསམ་བློ་བརྗེ་རེས། བརྡ་འཕྲིན་རྒྱུད་སྤྲོད། ཕན་ཚུན་ལ་སློབ་སྦྱོང་བྱེད་པའི་བསམ་བློར་སྣེ་ཁྲིད་སོགས་ཀྱི་ལས་ཀ་གཙོ་བོར་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག
ཚོགས་རའི་ཟུར་ཞིག
གངས་ལྗོངས་དགའ་ཡ་བཟོ་གྲྭའི་ཐོན་རྫས་གསར་བ།
གསར་འགྱུར་མཁོ་སྤྲོད་པ། རང་རེའི་དྲ་བའི་གསར་འགོད་པ་རྒྱ་འདུ་སངས་རྒྱས་ལགས་ཡིན།
|