མྱུར་བྱོན་གསོལ་འདེབས་བསླུ་མེད་བདེན་དོན་འགྲུབ་པའི་རང་སྒྲ།

༄༅།།མྱུར་བྱོན་གསོལ་འདེབས་བསླུ་མེད་བདེན་དོན་འགྲུབ་པའི་རང་སྒྲ།

ཡང་དག་བསླུ་མེད་གཏན་བདེ་གོ་འཕང་མཆོག།

 སྩོལ་མཛད་སྐྱབས་གསུམ་བླ་མ་ཡི་དམ་ལྷས། །
 གདུང་བས་གསོལ་འདེབས་སྨོན་དོན་རེ་འབྲས་ཀུན།།
ཇི་བཞིན་མྱུར་འགྲུབ་དགེ་མཚན་ཤིས་པ་སྒྲུབས།།
བློ་ཆེན་སྟོབས་བཅུའི་མདོ་རྒྱུད་པདྨོའི་ཚལ།།
བཞད་པའི་མཛད་བཟང་ཀུན་ཁྱབ་སྣང་བའི་མཛོད།།
ཟབ་རྒྱས་ཆོས་ཀྱི་བདུད་རྩིས་འགྲོ་ཁམས་ཀུན།།
སྐྱོང་མཁས་ཉི་མའི་མགོན་ལ་གསོལ་བ་འདེབས།།
སྤངས་རྟོགས་གཡོ་མེད་སྐུ་བཞིའི་བང་རིམ་བརྟན།།
གཞན་ཕན་འཕྲིན་ལས་ཆུ་གཏེར་རླབས་ཕྲེང་གཡོ།།
གདུལ་བྱའི་རེ་སྐོང་བསླབ་གསུམ་ནོར་བུའི་མཛོད།།
སྐྱབས་གཅིག་མཚུངས་མེད་བླ་མས་ཡུད་ཙམ་དགོངས།།
རྡོ་རྗེ་སྐུ་མཆོག་འགྲོ་འོང་གནས་བྲལ་ཡང་།།
སྐལ་དམན་སྣང་ངོར་ཆོས་དབྱིངས་ནུབ་རིའི་རྩེར།།
བཞུད་པའི་ཚུལ་འདི་རྟེན་འབྱུང་གཤིས་ལགས་ཀྱང་།།
འགྱུར་མེད་བརྩེ་ཆེན་འོད་ཞགས་སླར་ཡང་སྐྱོངས།།
ཀྱེ་མ་རྒྱལ་བསྟན་སྲོག་གི་ཀ་བ་ཆག །
སྐྱེ་དགུའི་བདེ་སྐྱིད་པདྨོའི་འཛུམ་མདངས་ཉམས།།
ཉམ་ཆུང་སློབ་འབངས་རྐང་དྲུག་དུ་ཿཁས་མནར།།
ཚུལ་འདི་དགོངས་ལ་སྤྲུལ་བའི་འཛུམ་ཟེར་སྤྲོས།།
རིང་ནས་བརྩེ་ཆེན་གོམ་པའི་ཐུགས་བསྐྱེད་དང་།།
འགྱུར་མེད་དམ་བཅའི་དོན་དེ་མ་བསྙེལ་པར།།
གཅེས་པའི་བུ་ལ་བྱམས་ལྡན་མ་ཡི་སེམས།།
ཇི་བཞིན་ཡང་སྤྲུལ་འཁྲུལ་མེད་མྱུར་འབྱོན་མཛོད།།
རྨད་བྱུང་རིགས་རུས་ཆོ་འབྲང་ཤར་རིའི་རྩེར།།
ཕྱོགས་ཁྱབ་འཕྲིན་ལས་སྣང་བ་འབུམ་འགྱེད་པའི།།
མཆོག་སྤྲུལ་ཉི་གཞོན་སླར་ཡང་མྱུར་བྱོན་ནས།།
མགོན་བྲལ་གདུང་བའི་མུན་པ་སེལ་བར་མཛོད།།
རྣམ་དག་བསླབ་གསུམ་རྩ་བ་རབ་བརྟན་ཅིང་།།
ཡོན་ཏན་ཁོ་ལག་ཕྱོགས་མཐར་རྒྱས་པ་ཅན།།
གཞན་ཕན་དོན་གཉིས་འབྲས་བཟང་གཡུར་ཟ་བ།།
མཆོག་སྤྲུལ་ཡོངས་འདུའི་ལྗོན་དབང་མྱུར་འཁྲུང་མཛོད།།
མགོན་ཁྱོད་ཚད་མེད་བརྩེ་བའི་གཟི་བྱིན་དང་།།
རྣམ་དག་རྟེན་འབྱུང་བསླུ་མེད་བདེན་པའི་སྟོབས།།
བདག་ཅག་དད་དམ་གཙང་མས་གསོལ་བཏབ་མཐུས།
གང་བསམ་གེགས་མེད་ཡིད་བཞིན་འགྲུབ་པར་ཤོག།
རླབས་ཆེན་ལས་བཞིའི་འཕྲུལ་ལ་དབང་བསྒྱུར་པའི།།
དམ་ལྡན་ཆོས་སྲུང་སྤྱི་དང་དམག་ཟོར་མ།།
ཁྱད་པར་ལས་སྒྲུབ་དྲེགས་པ་ལྕམ་སྲིང་གིས།།
སྨོན་དོན་མྱུར་འགྲུབ་སྡོངས་གྲོགས་གཡེལ་མེད་མཛོད།
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
འབྲེལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
ས་དང་ལམ་ཀྱི་ཡོན་ཏན་རབ་རྫོགས་ནས།།

རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག།

    དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་མཚན་བརྗོད་པར་དཀའ་བ།དོན་གྱི་སླད་དུ་མཚན་ནས་སྨོས་ནྋསྐྱབས་རྗེ་བྲག་དཀར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་གི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་སྐབས།ཨ་ལགས་ཆུ་ཀྱཱ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་མཆོག་དང་།ཚོགས་ཆེན་ཞལ་ངོ་དགེ་འདུན་ཚུལ་ཁྲིམས་ཚང་།དགོན་དོ་དམ་ཁང་གི་བློ་བཟང་ལེགས་གྲུབ།བསྟན་པ་དར་རྒྱས།ལྷུན་འགྲུབ་རྒྱ་མཚོ།གྲགས་པ་བདེ་བཟང་།བློ་གྲོས་བསམ་འཕེལ་རྣམས་དང་།ཨ་ཀ་བསམ་གཏན་དང་བློ་བཟང་དར་རྒྱས།འཇམ་དབྱངས་ཆོས་དར།གཞན་ཡང་མགོན་པོ་གང་གི་གསོལ་དཔོན་འོད་ཟེར་ཕན་བཟང་།སྐུ་ཚ་བློ་བཟང་ཆོས་གྲགས།འཇམ་དབྱངས་བསྟན་དར།སྐལ་བཟང་ཐུབ་བསྟན་སོགས་ཀྱིས་དྲི་མེད་ལྷ་དར་དང་བཅས་བསྐུལ་པས་མཚམས་སྦྱར་ཏེ།བོད་རབ་གནས་མེ་སྤྲེལ་མགོ་ཟླ་བའི་དཀར་ཕྱོགས་རྫོགས་པ་གཉིས་པའི་ཉིན།མགོན་པོ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པ་ཤྭཀྱའི་དགེ་སྦྱོང་སྙོམས་ལས་པ་མངྒ་ངྷྭ་ཛས་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ་གསོལ་བ་བཏབ་པ་ཛ་ཡནྟུ།།   །།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-12-09 ལྟ་ཀློག (4691)