གཞུང་དམངས་མཉམ་འབྲེལ་སྒོས་ཁོར་ཡུག་སྲུང་སྐྱོབ་གྱི་བྱ་འགུལ་སྤེལ་བ།

གཞུང་དམངས་མཉམ་འབྲེལ་སྒོས་ཁོར་ཡུག་སྲུང་སྐྱོབ་གྱི་བྱ་འགུལ་སྤེལ་བ།

   སྤྱི་ཟླ་༡༢བའི་ཚེས་༢ཉིན་ཞིན་ཧེ་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུ་དང་ཞིན་ཧེ་རྫོང་ཞིང་ཕྱུགས་ཚན་རྩལ་ཅུའུ།  ཞིན་ཧེ་རྫོང་ཆུ་བེད་ཅུའུ།  ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས་བཅས་ཀྱི་དཔུང་བ་མཉམ་གཤིབ་བྱས་ཏེ་དགའ་ལྡན་ལྔ་མཆོད་ཆེན་མོའི་རྗེས་ཀྱི་གནས་ཆེན་བྲག་དཀར་སྤྲེལ་རྫོང་གི་གནས་རིའི་ཁོར་ཡུག་ལ་གཙང་སྦྲ་བྱས།  གནས་རིའི་ཁོར་ཡུག་ཕྱོགས་བཞི་ལ་བགོས་ཏེ་དགོན་པའི་གླིང་བར་དང་ཆུ་འགྲམ་མདུན་ཐང་སོགས་ལ་ངེད་མཐུན་ཚོགས་ཀྱིས་གཙང་སྦྲ་བྱས།    ངེད་མཐུན་ཚོགས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ལྷ་དབང་རིག་འཛིན་གཙོས་ཏང་ཡོན་རྣམས་ཀྱི་སྣེ་ཁྲིད་འོག་རླངས་འཁོར་ཉི་ཤུ་དང་མི་གྲངས་བརྒྱ་དང་བཅོ་བརྒྱད་ཀྱིས་གད་སྙིགས་འགྱིག་སྒྱེ་བརྒྱ་དང་བཅུ་གཉིས་བཏུས་ཏེ་དགོན་པའི་གླིང་བར་སོགས་ལ་ཆེས་དྭངས་གཙང་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། དགོན་པའི་དམངས་གཙོ་དོ་དམ་ཁང་གིས་དགའ་བསུ་རྒྱ་ཆེར་གནངས་ཏེ་སྣེ་ལེན་བྱས་པ་མ་ཟད་རྫོང་ཁོར་ཡུག་སྲུང་སྐྱོབ་དང་ནགས་ལས་ཅུ་ཡི་ཚེ་ཀྲུའུ་རིན་སོགས་ཀྱིས་གད་སྙིགས་ལ་གཟིགས་ཞིབ་གནང་ནས་ཆེས་བླ་ན་མཐོ་བའི་བསྟོད་བསྔགས་བྱས།  མཐར་སྤྱི་ཁྱབ་ལྟ་སྐུལ་བ་ལྷ་དབང་རིག་འཛིན་དང་རུ་གཙོ་དོན་གྲུབ་རྒྱལ།  ཚོགས་མི་འོ་པུ་རྒྱལ་དང་པདྨ་རིན་ཆེན།  དབང་ཆེན་འབུམ་སོགས་ཀྱིས་རླངས་འཁོར་ལ་བརྩེགས་ནས་ཐེངས་གཉིས་ལ་གད་སྙིགས་ར་བར་བསྐྱལ་ནས་དགོང་ཕྱི་དྲོའི་གྲིབ་ཆེན་དང་ལྷན་དུ་ཕྱིར་ཕ་ཡུལ་ལ་ལོག

སྤྲེལ་ཐང་བརྒྱུད་ཁོར་ཡུག་སྲུང་སྐྱོབ་བྱེད་དུ་ཆས་བཞིན་པ།

ཁོར་ཡུག་སྲུང་སྐྱོབ་པའི་རླངས་འཁོར་རྣམས་དགོན་པའི་མདུན་ཐང་དུ་བཞག་པ།

གད་སྙིགས་བཏུས་ཏེ་ཕྱོགས་གཅིག་ཏུ་སྤུངས་པ།

གད་སྙིགས་བཏུ་བ་ནི་ང་ཚོས་དྭངས་གཙང་གི་ཁོར་ཡུག་ཅིག་བསྐྲུན་ཆེད་ཡིན།

ཕྱིའི་ཁོར་ཡུག་གི་དྭངས་གཙང་ནི་ནང་སེམས་རྒྱུད་ཀྱི་བདེ་སྐྱིད་ཅིག་ཏུ་ངོས་བཟུང་ཆོག

མཐུན་པའི་དཔུང་རྡང་སྤྲེལ། ཁོར་ཡུག་སྲུང་སྐྱོབ་བྱེད།

གསར་འགྱུར་མཁོ་སྤྲོད་པ།   དམངས་ཁྲོད་ཁོར་ཡུག་བདག་གཉེར་དོ་དམ་མཐུན་ཚོགས།

རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-12-06 ལྟ་ཀློག (3687)