རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ།

རེག་དུག་དང་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐབས་བརྗོད་པ་དུས་རབས་གསར་བའི་ཅོང་བརྡ།

 སྨད་ཆ།  ཧྲོང་བོ་ཚེ་བརྟན་རྒྱལ་ནས།

  དེ་ཡང་དེང་དུས་འདིར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལ་བརྟེན་ཏེ་སྤྱི་ཚོགས་བདེ་འཇགས་དང་མི་མང་གི་འཚོ་བ་ཡར་རྒྱས།ཚོང་ལས་དཔལ་འབྱོར་གྱི་ཚ་རླབས་འཕྱུར་ཞིང་འགྲན་རྩོད་ཀྱི་མེ་སྟག་འཚུབ་ཀྱིན་ཡོད་ལ།དེ་ལས་རྒྱ་བོད་སོག་གསུམ་དང་ཁ་ཆེ་ཕྱི་གླིང་བ་སོགས་ཚོང་ལས་ཀྱི་ཆེད་དུ་ཕྱོགས་གཅིག་ཏུ་འདུ་བ་དང་།ཡུལ་སྐོར་ལྗོངས་རྒྱུ་བྱེད་སྐབས་གནས་གཅིག་ནས་འཛོམས་པ།བོད་པ་གྲོང་ཁྱེར་དུ་སོང་ན་སྡོད་གནས་ཀྱི་དབང་གིས་མི་རིགས་གཞན་པ་རུ་སྐོར་ཁྱིམ་མཚེས་སུ་འགྱུར་བ།ཇ་ཁང་ཆང་ཁང་ཟ་ཁང་མགྲོན་ཁང་སོགས་ནས་ཕན་ཚུན་གོམས་ལོབས་སུ་འགྲོ་ཞིང་ཡིད་སེམས་འདྲེས་པར་གྱུར་བ་སོགས།གང་ལྟར་སྔོན་དུས་ཡིན་ན་མི་རིགས་གཞན་དང་འབྲེལ་འདྲིས་ཆེར་བྱུང་མ་མྱོང་བའི་བོད་པ་ཚོའང་ད་ལྟ་སྔར་གྱི་ཁོར་ཡུག་དང་སྐད་ཡིག་ལས་འགོངས་ནས་ཚོང་ལས་སྣ་ཚོགས་གཉེར་བ་དང་ལས་ཀ་འདྲ་མིན་བྱེད་པ་སོགས་མདོར་ན་དུས་རབས་གསར་བའི་དཔལ་འབྱོར་ཚ་རླབས་ཁྲོད་ཞུགས་ཏེ་སྒོར་མོའི་ཆེད་དུ་འབུངས་ཀྱིན་པ་ནི་ཤིན་ཏུ་ལེགས་མོད།ཡིན་ན་ཡང་ཕྱི་རྒྱལ་བ་རང་རྒྱལ་དུ་ཡོང་བ་དང་ཀྲུང་གོ་བ་ཕྱི་རྒྱལ་དུ་སོང་བའི་འབྲེལ་འདྲེས་ཀྱི་གོམས་སྟབས་དང་བསྟུན་ནས་མི་འདོད་པའི་ན་ཚ་ཨེ་ཙི་དང་རེག་དུག་སོགས་མཚན་མའི་འགོས་ནད་ངན་པ་སྔོན་དུས་བོད་ཁ་བ་ཅན་ལྟ་ཅི་ཐ་ན་རང་རྒྱལ་གྱི་ནང་ལོགས་སུའང་མཆེད་མ་མྱོང་བ་སྐོར་ཞིག་རིམ་གྱིས་ནང་ལོགས་ཀྱི་གྲོང་ཁྱེར་ཆེན་མོ་དང་མི་གྲངས་མང་ས་རུ་མཆེད་ཅིང་དེ་ལས་རིམ་གྱིས་རིམ་གྱིས་མི་ཚོགས་ཀྱི་འདུ་ལོང་དང་བསྟུན་ཏེ་མཐོ་སྒང་བོད་ཡུལ་དུ་མཆེད་པའི་ཉེན་ཁ་ཧ་ཅང་ཆེ།དེས་ན་བོད་པ་ཚོ་འདིའི་ཕྱོགས་ནས་རྗེས་ལུས་ཡིན་པའི་སྟབས་ཀྱིས་ན་ཚ་འདི་འདྲ་སྔོན་འགོག་བྱེད་པའི་ཤེས་བྱ་ཏིལ་ཙམ་ཡང་དཀོན་ལ་འགོས་ནད་འདི་འདྲ་སྔོན་ཆད་མེད་པའི་སྟབས་ཀྱིས་དེ་ལ་མཉམ་འཇོག་དང་འཛེམས་དོགས་བྱེད་པའི་ལུགས་སྲོལ་དབེན་པས་ན་ཉེན་ཁ་ཧ་ཅང་ཆེ་བ་སྨོས་ཅི་དགོས། མི་ན་བར་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།།ཞེས་དཔལ་ལྡན་རྒྱུད་བཞི་ལས་གསུངས་པ་ལྟར།སྤྱིར་ནད་གང་ལ་མཚོན་ན་ཡང་ནད་མ་བྱུང་བའི་སྔོན་ནས་འགོག་པའི་ཆོ་ག་བསྟེན་རྒྱུ་གཙོ་བོ་ཡིན་པ་བཞིན་དུ།རེག་དུག་དང་ཨེ་ཙིའི་ན་ཚ་འདི་ལ་མཚོན་ནའང་རྒྱུས་ལོན་དང་ངོ་སྤྲོད།དྲིལ་བསྒྲགས་དང་སློབ་སྟོན་བཅས་བྱས་པ་བརྒྱུད་དེ་སྔ་མོ་ནས་སྔོན་འགོག་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཡིན་པ་སྨོས་མེད་ལགས་པས་ན།གཤམ་ནས་དེ་ཇི་ལྟར་སྔོན་འགོག་བྱེད་པའི་ཐབས་ཤེས་སྤྱོད་དགོས་པའི་སྐོར་རེ་རེ་བཞིན་དུ་རང་གི་འདོད་ཚུལ་ལྟར་གླེང་བར་བྱའོ།།

 གཅིག   བྱིས་པར་ནུ་ཞོ་ལྡུད་པ་ལས་ཨེ་ཙི་དང་རེག་དུག་འགོ་བར་དོགས་ཟོན་བྱེད་དགོས།

དེ་ཡང་བོད་ལུགས་གསོ་རིག་ལས་མིའི་ནུ་ཞོ་ཡི་ཕན་ནུས་ནི།རྗེ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱི་ཤེལ་གོང་ཤེལ་ཕྲེང་ལས།མི་ཡི་འོ་མས་རླུང་མཁྲིས་ཁྲག་ལ་ཕན།།ཚིམ་པར་བྱེད་ལ་སྣར་བླུགས་སྣ་ནད་དང་།།མིག་བླུགས་སྣད་པའི་ནད་སོགས་མིག་ལ་ཕན།།རྨར་བཏབ་རྨ་གསོ་བསྐོལ་བཏུང་རོ་ཙ་སྐྱེད།།ཅེས་པ་ལྟར་རེད་ལ།འུ་ཅག་ཚང་མས་ཤེས་གསལ་བཞིན་དུ་རང་རེ་བོད་ཁུལ་དུ་བྱིས་པ་བཙས་མ་ཐག་ནས་ཟ་མ་ཟ་ཐུབ་པའི་བར་དུ་ཨ་མའི་ནུ་ཞོ་ནུ་བ་རེད།དེ་ཡིས་ལུས་ཟུངས་གསོ་ཞིང་འཚོ་བཅུད་ཆེ་བ་ནི་མི་རབས་ནས་མི་རབས་སུ་རྒྱུན་ཆད་མེད་པར་ཟོ་ཆུན་ཁྱུད་མོ་ལྟར་འཁོར་བའི་འཚོ་བ་ཡི་ཁྲོད་དུ་གསོག་འཇོག་བྱས་པའི་རྨ་བྲལ་གྱི་ཉམས་མྱོང་རེད།ཡང་ཅིག་བཤད་ན་བྱིས་པར་ནུ་ཞོ་ལྡུད་པ་ནི་བོད་ཙམ་མ་ཡིན་པར་གོ་ལ་ཧྲིལ་པོའི་སྟེང་གི་མི་རིགས་འདྲ་མིན་ཐ་དག་སྟེ་མིའི་རིགས་ཐུན་མོང་གི་སྤྱོད་སྟངས་ཤིག་རེད།སྤྱིར་ཡིན་ན་འདི་ནི་སྨྲ་མི་དགོས་པར་བཤམས་ཡོད་པའི་བྱ་བ་ཞིག་དང་ཀུན་ཤེས་ཀྱི་འཚོ་བའི་རོལ་སྟངས་ཤིག་རེད་མོད།ཡིན་ན་ཡང་ན་ནིང་དོ་ཚིགས་འདིར་བཤད་དགོས་པ་རེད།དེང་སྐབས་འདིར་མི་སྨྲ་ཐབས་མེད་རེད།རྒྱུ་མཚན་ནི་ང་ཚོས་ཤེས་གསལ་ལྟར་དུ།སྔོན་ཆད་འགོས་མ་མྱོང་བའི་ནད་ངན་ཨེ་ཙི་དང་རེག་དུག་སོགས་མཆེད་པའི་ཉེན་ཁ་ཆེ་བ་མ་ཡིན་ནམ།དེས་ན་ཨེ་ཙི་དང་རེག་དུག་སོགས་ཀྱི་འགོ་ལམ་གཙོ་བོའང་ནུབ་ལུགས་གསོ་རིག་གིས་ཞིབ་འཇུག་བྱས་པ་ལྟར་ཁྲག་དང་ནུ་ཞོ་འཁྲིག་སྤྱོད་གསུམ་མིན་ནམ།དེ་རུ་ཨ་མའི་འོ་མ་ཡང་ཨེ་ཙི་སོགས་འགོ་བའི་ལམ་གཙོ་བོ་ཞིག་མ་ཡིན་ནམ།དེ་ལས་ང་ཚོས་མ་དེ་ལ་བུ་སྦྲུམ་པའི་དུས་སུ་ཚད་ལྡན་སྨན་ཁང་ནས་ཁྲག་བཤེར་བྱས་ཏེ་ཨེ་ཙི་སོགས་མེད་པ་གདེང་ཚོད་ལྡན་པ་ཡིན་ན་མ་གཏོགས།མ་དེ་ལ་ཁྲག་བཤེར་བྱེད་མ་མྱོང་བ་དང་།རང་རང་ས་ཁུལ་གྱི་རང་ཁྱིམ་དུ་བྱིས་པ་སྐྱེས་པ་སོགས་ཡིན་ན་ཨ་མའི་ནུ་ཞོ་སྣུན་པ་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནད་དོན་ཞིག་རེད།དེ་ལྟ་བུའི་ཨ་མ་དེ་ལ་ཨེ་ཙི་དང་རེག་དུག་མེད་ན་ཤིན་ཏུ་ལེགས་མོད།གལ་ཏེ་མ་དེ་ལ་ཨེ་ཙིའམ་ཡང་ན་རེག་དུག་གང་རུང་ཞིག་མཆིས་ཚེ་མའི་ནུ་ཞོ་བརྒྱུད་དེ་བྱིས་པར་འགོས་ནས་ཡོད་ཚད་བརླགས་འགྲོ་བ་མ་ཡིན་ནམ།སྤྱིར་ན་ཨ་མ་ཉིད་ལ་ཨེ་ཙི་དང་རེག་དུག་གང་རུང་ཡོད་པ་ཡིན་ན།དེ་ལ་མངལ་ཆགས་པ་ན་མངལ་གནས་ཀྱི་བུ་ལའང་མའི་ཁྲག་ལམ་སོགས་བརྒྱུད་ནས་ཨེ་ཙི་སོགས་འགོ་བ་ཡིན་མོད།འོན་ཀྱང་བྱིས་པ་ལ་ལ་སྐྱེས་པ་ན་མ་ཡི་ཨེ་ཙི་དང་རེག་དུག་འགོས་མེད་པའི་གནས་ཚུལ་ཀྱང་ལྡན་པ་རེད།དེའི་སྟབས་ཀྱིས་སྨན་ཁང་ནས་ཨེ་ཙི་དང་རེག་དུག་ཡོད་པ་ཁ་དམར་གདགས་ཟིན་པའི་ཨ་མ་རྣམས་དང་།སྨན་ཁང་དུ་ཁྲག་བཤེར་བྱེད་མ་མྱོང་བའི་མ་ཡུམ་དག་གིས་རང་ལ་ཨེ་ཙི་དང་རེག་དུག་མེད་པ་ཁ་ཚོན་གཅོད་པའི་བར་དུ།སྔ་རབས་པའི་ལུགས་སྲོལ་ལྟར་དུ་བྱིས་པ་ལ་ནུ་ཞོ་མི་ལྡུད་པ་ཤིན་ཏུ་གལ་ཆེན་ཞིག་རེད། འདི་ནི་བྱིས་པ་མངལ་དུ་སྦྲུམ་པའི་རླབས་ཆེ་བའི་ཨ་མ་དག་དང་བྱིས་པ་དེ་གའི་ཕ་ཡབ་རྣམ་པས་རང་ཉིད་ལ་བྱིས་པ་ནད་པ་ཞིག་མི་སྐྱེ་བའི་ཆེད་དུ་ཐུགས་ལ་འཇགས་དགོས་འདུག

སྔོན་དུས་སུ་ནད་གདུག་པ་ཅན་ཨེ་ཙི་ཞེས་པ་འདིའི་མིང་ཙམ་ཡང་མེད་པ་མ་ཟད།རེག་དུག་ཀྱང་ཤིན་ཏུ་ཉུང་པས་ན་དེ་ལ་མཉམ་འཇོག་བྱེད་པའི་གོམས་གཤིས་ཀྱང་མེད་ལ་ཡོད་ཀྱང་མི་དགོས་པ་རེད།ཡིན་ན་ཡང་དེང་དུས་ཨེ་ཙི་དང་རེག་དུག་འགོ་བའི་ཉེན་ཁ་ཤིན་ཏུ་ཆེ་བའི་དབང་གིས་དེ་ལ་གཟབ་གཟབ་བྱས་ཏེ་ཁྱད་པར་དུ་མ་ཡི་ནུ་ཞོ་ལས་མི་འགོ་བར་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་རེད།དེས་ན་མ་ལ་ཨེ་ཙི་དང་རེག་དུག་འགོས་པ་ལས་མངལ་གནས་བུ་ལ་ལར་ཅིའི་ཕྱིར་མ་འགོས་པ་རེད་ཅེ་ན།གཅིག་ནི་རང་རེ་བོད་ཀྱི་བཤད་སྟངས་ལྟར་ལས་དབང་ཡིན་སྲིད་པ་དང་།གཙོ་བོ་ནི་བྱིས་པ་མངལ་ན་གནས་དུས་སུ་མ་ཡི་བུ་རོགས་སམ་ཤ་མ་དང་ཕྲུ་མ་ཞེས་པ་དེར་འགོས་ནད་འགོག་པའི་ནུས་པ་ཞིག་ལྡན་པ་ཡིན་ངེས་ཏེ།

ཤེལ་གོང་ཤེལ་ཕྲེང་ལས།མི་ཡི་ཕྲུ་མས་དྭངས་མའི་དུག་རྣམས་ཞི།།ཞེས་པ་ལས་མ་འདས་པ་དང་།དེ་ལས་དྭངས་མའི་དུག་ཅེས་པ་རུའང་ཨེ་ཙིའི་ནད་དུག་དང་རེག་དུག་གི་དུང་འཁྱིལ་གཟུགས་ཀྱི་ནད་འབུ་ཕྲ་མོ་སོགས་ཚུད་ཡོད་པ་ཁ་གསལ་མངོན་གསལ་ཡིན་པ་རེད་སྙམ།ཡིན་ན་ཡང་།བྱིས་པ་རེ་འགར་འདི་ལྟ་བུའི་སྣང་ཚུལ་ཙམ་འབྱུང་བ་ལས་མང་ཆེ་བར་ཨ་མར་འགོས་ནད་ཡོད་ན་མངལ་གནས་ལ་ཡང་ཡོད་སྲིད་པས།འདི་འདྲ་བའི་སྟབས་ལེགས་ཤིག་ལ་རེ་ལྟོས་མི་བྱེད་པར།བྱིས་པ་མ་ཆགས་པའི་སྔོན་ནས་ཨེ་ཙི་དང་རེག་དུག་སོགས་ལ་སྔོན་འགོག་དང་ཁྲག་བཤེར་ཞིབ་མོ་བྱས་ཏེ་ཨ་མ་བདེ་ཐང་ལས་གཅེས་ཕྲུག་ནད་མེད་ཅིག་སྐྱེ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ནོ།།

གཉིས།  བུད་མེད་ཀྱི་ནུ་ཞོ་མིག་ཏུ་གཏུགས་པ་སོགས་ལས་འགོ་བར་འཛེམས་དགོས།

བུད་མེད་ཀྱི་ནུ་ཞོ་ནི་བྱིས་པ་དམར་འབྱར་གྱི་མིག་ལ་གཏུགས་ན་ཕན་ནུས་ཆེ་བའི་མིག་སྨན་བཟང་པོ་ཞིག་ཡིན་པས།བོད་རོང་འབྲོག་ཁུལ་དུ་བྱིས་པའི་མིག་ན་བ་ལ་བྱིས་པའི་ཨ་མ་དེ་ཉིད་ཀྱི་ནུ་ཞོ་མིག་ཏུ་གཏུགས་པར་བྱེད་པ་ནི་རྒྱུན་སྲོལ་ཞིག་ཏུ་ཆགས་ཡོད།དེ་ལྟར་བྱས་ཚེ་མིག་སྨན་གཞན་མ་གཏུགས་ཀྱང་རང་བཞིན་གྱིས་ཞི་འགྲོ་བ་རེད།མའི་ནུ་ཞོ་བྱིས་པའི་མིག་སྨན་དུ་བསྟེན་པའི་ཉམས་མྱོང་དང་དེ་ཕན་པའི་གདེང་ཚོད་ང་རང་ལ་ཡང་ཡོད་པ་ཡིན།དེའི་མ་ཟད་མིའི་ནུ་ཞོ་མིག་སྨན་དུ་སྨན་རྟ་ལྟ་བུར་སྦྱོར་བ་ཡང་ཤིན་ཏུ་མང་སྟེ།དཔེར་བརྗོད་ཙམ་བཀོད་ན།ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད་དུ་འཁོད་པའི་ལྷ་ལུང་མཁན་པོའི་གསལ་བྱེད་སྤོས་རིང་དུ།སྤང་མཐིང་ལི་ཤི་དོམ་མཁྲིས་དང་།།རྒྱ་མཚོའི་ལྦུ་བ་མདུང་རྩེ་དམར།།ཡུང་བ་རྒྱ་ཚོས་འཇིབ་བུ་སླད་མེད་དང་།།གླ་རྩི་གུར་གུམ་བ་རུ་ར་ཡི་སྙིང་།།ག་བུར་སྐྱེར་ཁཎ་ཀ་ར་སྦྱར།།བུད་མེད་བུ་སྐྱེས་ནུ་ཞོས་སྦྱང་།།ཞེས་བུད་ཀྱི་ནུ་ཞོ་གསལ་པོར་གསུངས་འདུག་པ་ལྟར་དང་།གསོ་རིག་རྒྱུད་བཞི་ལས་ཀྱང་།ཁུར་ཞོ་ཁྱེ་འཐུང་ནུ་ཞོའི་ལྡེ་གུ་ཡིས།།ཆུ་བའི་ཉྭ་གཡོག་སྐྱི་དཀར་སྤྱིན་ཆུས་ལྟེམ།།ཞེས་དང་།ཡང་དེ་ཉིད་ལས།ཁྲག་ཏུ་འཁྲུ་སྐྱུག་ཕྱྭ་ཚན་ཅུ་གང་དང་།།ག་བུར་གུར་གུམ་རེ་རལ་རིམ་པས་བསྐྱེད།།ཁྱེའུ་འཐུང་བའི་ནུ་ཞོ་སྦྱར་ལ་བཏང་།།ཞེས་རྒྱུད་ཀྱི་སྦྱར་དུག་གསོ་བའི་སྐབས་སུ་བསྟན་འདུག་པ་ལྟར་རོ།། མི་རྒན་པ་དང་དར་མའི་ལིང་ཏོག་ལ་ཡང་ཤིན་ཏུ་ཕན་ཟེར་མཁན་ཡང་ཡོད་ལ།དེ་ལྟར་མིག་གི་ལིང་ཏོག་ལ་མིའི་ནུ་ཞོར་སྦྱར་ནས་ཆེད་དུ་གསོ་བཅོས་བྱེད་ཚུལ་ཡང་ཉམས་ཡིག་འགའ་རེར་འཁོད་ཡོད་དེ།འཇུ་མི་ཕམ་གྱི་སྨན་ཡིག་ཕྱོགས་བསྒྲིགས་ལས།ལིང་ཐོག་གསར་བར་བུད་མེད་ནུ་ཞོ་སྦྱར་ལ་བྱུགས་པས་ལན་གསུམ་གྱིས་མི་གྲོལ་མི་སྲིད་དོ།།ཞེས་མིག་ནད་ལ་རིགས་དགར་ནས་ནང་གསེས་ལིང་ཏོག་དང་།ལིང་ཏོག་ལ་ཡང་གསར་རྙིང་ཕྱེས་ཏེ་གསར་བ་ཡིན་ཚེ་འབྲེལ་ཡོད་སྨན་སྦྱོར་བུད་མེད་ཀྱི་ནུ་ཞོར་སྦྱར་ནས་གཏུགས་ཚེ་ལན་གསུམ་གྱིས་ཕན་ངེས་པ་གདེང་ཚོད་ཡོད་པར་གསུངས་པ་དང་།སྐབས་འདིར་ལང་ཐོག་ཅེས་པ་ནི་དོན་དུ་ལིང་ཏོག་དང་གཅིག་ཡིན་པ་རེད།ཡང་དེ་རུ།ཡང་ན་ལིང་ཐོག་ལ་དོམ་མཁྲིས་ཚ་ལ་ཀ་ར་ཁྱེའུ་འཐུང་ནུ་ཞོར་སྦྱར་བ་བྱུག་ཅེས་དང་།ཡང་ཕ་ཝང་ལོང་བུ་དཀར་པོ།སྦྲང་དང་ནུ་ཞོར་སྦྱར་ཏེ་བྱུགས་ན་ལིང་ཏོག་ལ་ཚེགས་མེད།ཅེས་སྤོ་ལ་དར་འཕྱར་ལྟ་བུའི་གསུངས་དག་གིས་འཐུས་པ་དང་།མཁྱེན་བརྩེ་དབང་པོའི་སྨན་ཡིག་དང་བླ་མ་ཟབ་དོན་སྙིང་ཐིག་ལས་འགྲོ་བའི་སྲོག་འཛིན་བདུད་རྩིའི་ཆར་རྒྱུན་དུ།ཏི་ཚའི་དུད་པ་ལག་ལེན་ལྟར་བླངས་ནས་ནུ་ཞོ་བྱུགས་པས་མིག་ནད་གྲང་རྐྱེན་ལ་ཕན།ཞེས་གསུངས་ཡོད་པ་དང་།ཡང་དེ་ཉིད་ལས།ཟངས་ལ་ཞོ་སྦྱར་ཉི་མར་བསྲོ།།སག་རྩི་ཆུ་སྦྱར་མིག་ལ་བྱུགས།།ལོང་བ་ལ་ཡང་མིག་དང་ལྡན།།འདི་ནི་མར་པ་ལོ་ཙྰའི་ལུགས།།ཞེས་གསུངས་ཡོད་པ་སོགས་ལས་མིའི་ནུ་ཞོ་ལིང་ཏོག་སོགས་མིག་ནད་ལ་ཕན་པ་རིགས་བསྒྲེ་ཞིང་ཤེས་པར་བྱའོ།།ཡིན་ན་ཡང་།འདི་ལ་ང་ཚོར་འདང་རྒྱག་ཅིག་དང་བསམ་བློ་གཏོང་རྒྱུ་ཞིག་མཆིས་པ་ནི།གནའ་བོའི་དུས་དང་ཉེ་རབས་སུ་ཨེ་ཙིའི་ན་ཚ་དང་རེག་དུག་སོགས་འགོས་རིམས་གདུག་པ་ཅན་མེད་པའི་སྟབས་ཀྱིས་བུད་མེད་ཀྱི་ནུ་ཞོ་རྐྱང་བ་མིག་སྨན་དང་སྣ་སྨན་དུ་སྤྱད་པ་ཡིན་ན་ཡང་འདྲ།སྨན་རྟ་དང་སྨན་སྦྱོར་དུ་བཏང་ན་ཡང་འདྲ།གང་ལྟར་དེས་ཕན་མ་ཐོགས་ཀྱང་གནོད་སྐྱེལ་མི་སྲིད་མོད།ཡིན་ན་ཡང་།ང་ཚོས་དེང་དུས་ཨེ་ཙི་དང་རེག་དུག་འགོ་བའི་ཉེན་ཁ་ཆེ་བའི་དུས་སྐབས་འདི་འདྲ་ཞིག་ལ་ཡང་དོགས་ཟོན་སྤང་བླང་ཅི་ཡང་མེད་པར་སྔོན་ཆད་བཞིན་དུ་བུད་མེད་ཀྱི་ནུ་ཞོ་སྨན་དུ་བསྟེན་དུ་བཅུག་ཚེ་དེས་དེ་ལས་ལྡོག་ཕྱོགས་ཀྱི་ཉེས་པ་ཚབས་ཆེན་མི་གསོག་པའི་ངེས་པ་ག་རུ་མཆིས་སམ།གལ་ཏེ་ནུ་ཞོ་སྤྱོད་ཡུལ་གྱི་བུད་མེད་དེ་ལ་ཨེ་ཙི་དང་རེག་དུག་གང་རུང་ཞིག་ཡོད་པ་ཡིན་ན།དེས་ནུ་ཞོ་དེ་སྨན་རེད་དམ་དུག་རེད།དེ་མིག་ཏུ་གཏུགས་པས་ཨེ་ཙི་དང་རེག་དུག་མི་བསྒོ་བའི་ངེས་པ་མེད་པས།ད་ནས་བཟུང་བུད་མེད་རང་ཉིད་ཡིན་ན་འདྲ།ནུ་ཞོ་སྨན་དུ་སྦྱོར་བའི་སྨན་པ་ཡིན་ན་འདྲ།གང་ལྟར་བུད་མེད་དེ་ལ་ཨེ་ཙི་དང་རེག་དུག་སོགས་མེད་པ་ཁྱོད་ལ་ཆ་རྒྱུས་དང་གདེང་ཚོད་ཡོད་པ་ཡིན་ན་མ་གཏོགས་གང་བྱུང་དུ་མི་སྤྱོད་པར་ཞུའོ།།

གསུམ། སྐྲ་དང་ཁ་སྤུ་བཞར་དུས་ཀྱང་མཉམ་འཇོག་བྱེད་དགོས།

སྐྲ་བཞར་ཁང་ལས་སྐྲ་བཞར་དུས་ཀྱང་མཉམ་འཇོག་བྱེད་དགོས་ཏེ།སྐྲ་བཞར་མཁན་རྣམས་ཀྱང་སྨན་པ་མིན་པས་དེ་དག་གིས་སྐྲ་གྲི་ལ་དུག་སེལ་བྱེད་པའི་གོམས་གཤིས་མེད་པ་དང་།སྐྲ་གྲི་ལས་ནད་བསྒོ་བའི་ཤེས་བྱ་ཅན་ཡང་ཉུང་ཉུང་ཡིན་པ་རེད།གལ་ཏེ་སྐྲ་བཞར་སྐབས་ཁྱེད་ཀྱི་སྔོན་ཏག་ཏག་ལ་སྐྲ་བཞར་བའི་མི་དེ་ལ་ནད་ངན་ཨེ་ཙིའམ་ཡང་ན་རེག་དུག་གི་ན་ཚ་ཞིག་ཡོད་པ་དང་།ཁོའི་སྐྲ་བཞར་དུས་སྟབས་མ་ལེགས་པར་སྐྲ་གྲིས་མགོ་བོར་རྨ་ཕྲན་ཙམ་བཟོས་ཤིང་།ད་དུང་རྨ་ཁ་དེ་ལས་ཁྲག་ཨེན་ཙམ་འཛག་པའི་དབང་དུ་བཏང་ཚེ།དེ་རྗེས་སྐྲ་བཞར་པས་སྐྲ་གྲི་ལ་ཚད་ལྡན་མ་ཡིན་པའི་གཙང་དག་ཅུང་ཙམ་བྱེད་ཁུལ་བྱས་ཏེ་སླར་ཡང་།དེའི་རྗེས་སུ་སྐྲ་བཞར་དུ་ཡོང་བའི་ཁྱེད་རང་གི་སྐྲ་བཞར་བ་དང་།ཁྱེད་རང་གི་སྐྲ་བཞར་དུས་ཀྱང་མཉམ་མ་བཞག་པར་ཁྱེད་ཀྱི་མགོ་བོར་རྨ་ཕྲན་ཙམ་བཟོས་པའམ།ཡང་ན་ཁྱེད་རང་གི་མགོ་བོར་སྔར་ནས་རྨ་ཁ་ཕྲན་ཙམ་ཡོད་པ་ཡིན་ཚེ།ད་གཟོད་སྔར་གྱི་མི་དེའི་ཁྲག་དེ་ཁྱེད་ཀྱི་མགོ་བོའི་རྨ་ཁར་སིམ་ནས་ཁྱེད་ལ་མི་འདོད་པའི་ནད་ངན་ཨེ་ཙིའམ་ཡང་ན་རེག་དུག་འགོ་བ་རེད།དེ་ནི་རང་ལ་ནད་མེད་ཀྱང་གཞན་གྱི་ནད་ངན་སྐྲ་གྲི་ལས་འགོས་པ་ཡིན་པས་ཇི་འདྲའི་འཇིགས་ཡེར་བའི་ཆག་སྒོ་ཚབས་ཆེན་ཞིག་གོ།གཞན་ཡང་ཁ་སྤུ་བཞར་དུས་ཀྱང་སྟབས་མ་ལེགས་ཚེ་འགོས་ནད་འགོ་བ་ནི་གོང་ནས་སྨྲས་མ་ཐག་པའི་སྐྲ་གྲི་ལས་འགོ་བ་དང་ཇི་མ་ཇི་བཞིན་ཡིན་པས།དེ་དག་ལ་སེམས་ཆུང་དང་དོགས་ཟོན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་གོ།

བཞི། སྤྱི་ཚོགས་སྟེང་ན་ཨེ་ཙིའི་སྲུང་འཁོར་ཡོད་ཅེས་པའི་གཡོ་འོག་ཏུ་མི་ཚུད་རྒྱུ།

དེ་ཡང་བོད་ཀྱི་སྤྱི་ཚོགས་སྟེང་བླ་སྤྲུལ་དང་གྲྭ་པ།དགེ་རྒན།སྨན་པ་དང་སློབ་གྲྭ་ཆེན་མོ་བ།ད་དུང་འབྲོག་སྡེ་དང་ཞིང་སྡེ་ལས་བྱུང་བའི་ལས་རིགས་གཞན་པའི་དང་བླངས་པ་སོགས་ཀྱིས་ཤ་ཚ་ཚ་དང་སྙིང་ཉེ་ཉེས་གཉན་ཨེ་ཙི་དང་རེག་དུག་སོགས་ཀྱི་སྔོན་འགོག་བྱེད་ཐབས་ངལ་བ་འཛེམས་མེད་ཀྱིས་ག་ས་གང་ན་བསྒྲགས་བཞིན་ཡོད་པ་ནི་དུས་ལ་བབ་པའི་འགྲོ་དོན་གལ་ཆེན་ཞིག་ཡིན་པས་རྗེས་སུ་ཡི་རངས་ཞུ།ཡིན་ན་ཡང་དེ་དང་ཆབས་ཅིག་ཏུ་མདོ་དབུས་ཁམས་གསུམ་གང་རུང་ན་གསོ་རིག་ལ་སྦྱང་བ་དམན་ཞིང་སྤྱི་ཚོགས་ཀྱི་བདེ་ཐང་ལ་འགན་མི་འཁུར་བའི་མི་ལ་ལས་དགོས་མེད་ཀྱི་ཉོག་གཏམ་ཡང་སྨྲ་བཞིན་ཡོད་པས།དེ་ལ་མཉམ་འཇོག་བྱས་ཏེ་ཁ་ཕོ་ཆེན་པོ་དང་རྫུན་གཏམ་དང་ཉོག་བཤད་ཀྱི་རྗེས་སུ་མི་འབྲངས་རྒྱུ་ཧ་ཅང་གལ་ཆེན་རེད།དེ་ཡང་གོ་ཐོས་ལྟར་ན་མི་འགའ་ཤས་ཀྱིས་ཁོ་ཡི་སྲུང་འཁོར་ག་གེ་མོ་ལུས་ལ་ཐོགས་དང་དེང་དུས་འཛམ་གླིང་སྟེང་ན་བཅོས་ཐབས་མེད་པའི་གཉན་ཨེ་ཙིའི་ནད་སྔོན་འགོག་བྱེད་ཐུབ་ཅེས་སྨྲ་བཞིན་འདུག་ཟེར།དེ་ལྟར་བཤད་ཚེ་འུར་ཆ་བཟུང་ནས་ཕྱུགས་འཚོ་བ་དང་ལྕགས་ཁེམ་ཐོགས་སྟེ་ཞིང་འདེབས་པའི་རོང་འབྲོག་མི་མང་དེ་ལ་ཡིད་ཆེས་ནས་དེ་ལུགས་བཞིན་སྲུང་འཁོར་འདོགས་པ་ལས།རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཚད་ལྡན་སྨན་ཁང་དག་གིས་བསྒྲགས་པའི་སྔོན་འགོག་བྱེད་ཐབས་གཞན་སྣང་མེད་དུ་བཞག་ནས་འདོར་ནའང་ཐང་།དེ་ལྟར་བྱས་ཚེ་རྒྱ་ཆེ་བའི་རོང་འབྲོག་མི་མང་ལ་གཉན་ཨེ་ཙི་མི་འགོ་བ་སྲུང་འཁོར་སྟེར་མཁན་དེ་ལ་གདེང་ཚོད་ཡོད་དམ།སྲུང་འཁོར་དེ་བཏགས་ཚེ་གཉན་ཨེ་ཙི་མི་འགོ་བ་དེ་ཡིས་གང་ནས་ཤེས་པ་རེད།མི་ག་ཚོད་ཅིག་གིས་སྲུང་འཁོར་དེ་བཏགས་ནས་ཨེ་ཙིའི་ནད་མ་འགོས་པ་རེད།སྲུང་འཁོར་བཏགས་ནས་ཨེ་ཙི་འགོ་མི་འགོ་ཞིབ་འཇུག་བྱེད་ཨེ་མྱོང་།གཉན་ཨེ་ཙི་ཞེས་པ་ནི་ཚང་མས་ཤེས་གསལ་ལྟར་སྤྱི་ལོ1981ལོར་འཛམ་གླིང་སྟེང་གསར་དུ་ངོས་འཛིན་བྱས་པའི་འགོས་རིམས་གདུག་པ་ཅན་ཞིག་ཡིན་པ་ལས།དེའི་སྔོན་དུ་བོད་ཡུལ་ཕུད་ཐ་ན་གོ་ལ་ཧྲིལ་པོའི་སྟེང་ན་ངོས་འཛིན་མེད་པས་ན་ཁྱེད་ཀྱི་སྲུང་འཁོར་གྱིས་ཨེ་ཙི་འགོག་ཐུབ་པའི་མན་ངག་དེ་བསྟན་བཅོས་གང་ན་འདུག་པ་རེད།སྟོན་པ་སུ་ཡིས་གསུངས་པ་རེད།མཁས་པ་གང་གི་མན་ངག་རེད།སྤྱི་ལོའི་དུས་རབས་བརྒྱད་པར་རྩོམ་བསྒྲིགས་མཛད་པའི་དཔལ་ལྡན་རྒྱུད་བཞི་དང་བན་བོན་མཁས་པའི་ཉམས་ཡིག་དག་ན་གཉན་ཨེ་ཙི་ཞེས་པ་ཞིག་མེད་པ་མ་ཟད།དེ་ལ་སྲུང་འཁོར་གྱིས་སྔོན་འགོག་བྱེད་ཐུབ་པའི་ལག་བླངས་ཤིག་མཐོང་རྒྱུ་མི་འདུག་པས།ཁྱེད་ལ་ད་ལྟ་གཉན་ཨེ་ཙི་སྔོན་འགོག་བྱེད་ཐུབ་པའི་སྲུང་འཁོར་ཞིག་ཡོད་པ་འདི་ཧ་ཅང་ཡ་མཚན་མི་ཆེའམ།དེ་བས་འུ་ཅག་གིས་ཞིབ་ཏུ་བསམ་བློ་ཐོངས་དང་གཉན་ཨེ་ཙི་འགོག་ཐུབ་པའི་སྲུང་འཁོར་ཞིག་ཡོད་མི་སྲིད་པ་དང་།གཉན་ཨེ་ཙི་འགོག་ཐུབ་ཟེར་བའི་མི་འདི་སྨན་པ་ཞིག་མིན་པ་མ་ཟད་ཡི་དམ་ལ་བསྙེན་བསྒྲུབ་དང་གསང་སྔགས་ལ་སྒྲུབ་སྦྱོང་བྱེད་མྱོང་བའི་སྐྱེས་བུ་དམ་པ་ཞིག་དེ་བས་ཀྱང་ཡིན་མི་སྲིད་པ་རེད།རྒྱུ་མཚན་ནི་ས་ཐོབ་ཀྱི་སེམས་དཔའ་མ་གྱུར་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་སྤྱན་གྱིས་གཟིགས་མཁན་ཞིག་གིས་སྐད་ཆ་དེ་འདྲ་གསུངས་པ་མ་རེད།རང་གི་ཁེ་ཕན་དང་སྙན་གྲགས་ཀྱི་ཆེད་དུ་གཞན་གྱི་བདེ་ཐང་དང་ཚེ་སྲོག་རྩེད་སྤྱད་བྱེད་མི་སྲིད་པ་རེད།དེ་བས་སྲུང་འཁོར་གྱིས་གཉན་ཨེ་ཙི་འགོག་ཐུབ་ཟེར་མཁན་གྱི་མི་དེ་ཕལ་ཆེར་སྲུང་འཁོར་རྫུན་མ་བཙོང་བའི་ཚོང་པ་ཞིག་ཡིན་པ་ཤ་སྟག་རེད།དེ་བས་དེ་འདྲའི་ཚོང་བ་དང་རྫུན་རྐྱལ་རྣམས་ཀྱི་གཡོ་འོག་ཏུ་མི་ཚུད་པར་ཚད་ལྡན་གྱི་སྨན་པ་བསྟེན་ནས་གཉན་ཨེ་ཙིའི་སྔོན་འགོག་བྱེད་ཐབས་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ལ་དུས་གཏན་གྱི་བདེ་ཐང་ཞིག་བསྐྲུན་རྒྱུ་གལ་ཆེའོ།།  

 ལྔ།  སྨན་པ་རྫུན་མས་ཨེ་ཙི་ལ་བོད་སྨན་གྱི་བཅོས་ཐབས་ཡོད་ཅེས་པའི་བསླུ་བྲིད་མི་ཐེབས་རྒྱུ།

  བོད་པའི་སྤྱི་ཚོགས་སུ་ལས་རྒྱུ་འབྲས་མིག་བཞིན་སྲུང་ཞིང་བྱམས་སྙིང་རྗེའི་ཐུགས་རྒྱུད་ཕྱུག་པའི་བླ་མ་དང་དགེ་བཤེས།མཁན་པོ།བོན་སྔགས།གྲྭ་བ།བཙུན་མ།རོང་འབྲོག་གི་མི་སྐྱ་སྐྱེས་ཕོ་མོ།དགེ་རྒན་ཆེན་མོ།ལྷ་རྗེ།ནད་གཡོག་མ།སློབ་ཆེན་པ།སྡེ་དཔོན།དང་བླངས་པ་སོགས་ཀུན་སློང་ཅན་མང་པོ་མང་པོ་ཞིག་མཆིས་པ་ལས་གཞན་ཡང་།ཨེ་ཙི་དང་རེག་དུག་གི་དྲིལ་བསྒྲགས་བྱེད་པའི་གོ་སྐབས་འདི་དང་བསྟུན་ནས་རོང་འབྲོག་མི་མང་ལ་མགོ་གཡོགས་མགོ་སྐོར་གྱིས་ཁོ་བོར་ཨེ་ཙིའི་སྨན་མཆོག་ཅིག་ཡོད་ཚུལ་ལབ་པའི་ཟོག་པོ་འགའ་རེའང་མཆིས་པ་གོ་ཐོས་བྱུང་པས།དེ་ནི་དངོས་གནས་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།སྤྱིར་གསེར་ལག་ལ་ཚུད་ན་སངས་རྒྱས་མེད་པའི་དཔེ་ལྟར་རྒྱུ་ནོར་ལ་མི་དགའ་བའི་མི་ཞིག་མེད་པ་བདེན་མོད། ཐམས་ཅད་ཀྱིས་ཉེན་ཆེའི་འགོས་ནད་འདི་འདྲ་ཡི་སྔོན་འགོག་སློབ་གསོ་སྤེལ་བའི་སྐབས་སུ།སྨན་པ་རྫུན་མ་ལ་ལས་སྒོར་མོའི་ཆེད་དུ་མི་མང་གི་བདེ་ཐང་ལ་རྡོག་བརྫིས་ཀྱིས་ཨེ་ཙི་སྔོན་འགོག་དང་ཨེ་ཙི་གསོ་བའི་སྨན་སྦྱོར་ཡོད་ཅེས་རྫུན་ལབ་ཕོད་པ་ནི་རྒྱུ་འབྲས་གོ་ལོག་པའི་ཁྲམ་པའི་འཆལ་སྤྱོད་ཅིག་ལས་མ་འདས་པ་རེད།གལ་ཏེ་དེ་ནི་སྨན་པ་ཞིག་ཡིན་ན།རྒྱུད་བཞི་ལས།དེ་ཕྱིར་སྨན་པ་ངན་པ་ནི།།ཅི་ཡང་ལོག་པར་རྟོགས་པ་ཡིས།།གསོ་བ་ལོག་པ་དག་ཏུ་འགྱུར།།བདུད་ཉིད་སྨན་པའི་ཆ་བྱད་ཅན།།གཤིན་རྗེའི་ཞགས་པ་ཐོགས་པས་ན།།སྲོག་གི་གཟུ་བ་ཡིན་པའི་ཕྱིར།།འབྲེལ་བ་མི་བྱ་འཁོར་རྣམས་འཕུང་།།ཞེས་གསུངས་པ་ལས་མ་འདས་མོད།འོན་ཀྱང་དེ་དག་ནི་ཕལ་ཆེར་གསོ་རིག་ལ་བག་ཆགས་ཙམ་ཡང་འཇོག་མྱོང་མེད་པའི་ཁྲམ་པ་རྐྱལ་སྟོང་ཚོ་ཡིན་ངེས་ཏེ།གསོ་རིག་ལ་སློབ་སྦྱོང་བྱེད་མྱོང་བའི་སྨན་པ་ཞིག་ཡིན་ན་མི་ཇི་འདྲའི་ཧམ་སེམས་ཅན་ཞིག་ཡིན་ན་ཡང་།མང་ཚོགས་ཁྲོད་ནས་ཨེ་ཙི་སངས་དྲགས་འགྲོ་བའི་སྨན་ཡོད་ཅེས་ཁ་ཕོ་ཆེན་པོ་འཐེན་ཐུབ་རྒྱུ་མ་རེད་འདོད།དེ་ལྟར་བསླུ་བྲིད་ཀྱིས་རོང་འབྲོག་མི་མང་གི་ལག་ནས་སྒོར་མོ་དེ་བས་ཀྱང་འཁྱེར་མི་སྲིད་སྙམ།དེ་ལྟར་བྱས་ཚེ་རྫུན་ཁུངས་རྡོལ་བ་དང་ལས་རྒྱུ་འབྲས་ལ་མི་རན་པ།ཐ་ན་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་འགྲོ་བའང་སུ་ཞིག་གིས་མི་རྟོགས་སམ། དེ་བས་སང་ཕྱིན་རོང་འབྲོག་མི་མང་གིས་ཀྱང་ཨེ་ཙིའི་གཉེན་པོ་སྨན་མཆོག་ཅིག་ཡོད་ཚུལ་ལབ་པའི་སྨན་པ་རྫུན་མ་ལ་དོགས་ཟོན་དང་།དེ་དག་གི་གཡོ་འོག་ཏུ་མི་ཚུད་རྒྱུར་དོ་སྣང་བྱ་དགོས་སོ།།

 དྲུག   སྨན་པ་རྣམས་ཀྱིས་ཀྱང་བོད་སྨན་གྱིས་ཨེ་ཙི་སངས་དྲག་བྱེད་མི་ཐུབ་ན་འུད་སྒྲོག་མི་བྱེད་རོགས།

     བར་སྐབས་འདིར་དྲྭ་ཐོག་ན་བོད་སྨན་གྱིས་ཨེ་ཙིའི་ནད་གསོ་བའི་སྨན་ཁང་གསར་བ་ཞིག་བཙུགས་སོང་ཟེར་བའི་བརྙན་པར་ཅི་རིགས་ཤིག་བརྒྱུད་སྐུར་བྱེད་ཀྱིན་པ་མཐོང་རྒྱུ་འདུག་པ་དང་། ཡང་ཨེ་ཙི་ལ་ཕན་པའི་བོད་སྨན་གྱི་སྦྱོར་བ་ག་གེ་མོ་ཞིག་གསར་གཏོད་བྱས་ཡོད་ཟེར་བའང་ག་ས་ག་རུ་མཐོང་རྒྱུ་ཡོད་པ་དང་། བོད་ལུགས་ཀྱི་སྨན་པ་གཙོའི་དྲྭ་བ་བེད་སྤྱོད་བྱེད་ཀྱིན་པའི་མི་མང་པོ་ཞིག་གིས་གཏམ་དེ་རྨ་བྱས་དབྱར་རྔ་ཐོས་པ་ལྟར་དགའ་སྤྲོ་དང་རྗེས་སུ་ཡི་རངས་ཀྱིས་དྲྭ་ངོས་སུ་ཐལ་མོ་གསུམ་རེ་སྦྱོར་བའམ་ཡང་ན་མེ་ཏོག་འབུལ་བ། འཐད་པའི་ཚུལ་གྱིས་སྙིང་དམར་གྱི་རི་མོ་འགོད་པ་སོགས་མཆིས་པ་རེད།  དེ་ལོས་ཡིན་ཏེ། འཇིག་རྟེན་གོ་ལ་ཧྲིལ་བོའི་ཁྱོན་ན་བཅོས་ཐབས་བྲལ་བའི་འགོས་ནད་གདུག་པ་ཅན། སྔོན་ཐོན་རྒྱལ་ཁབ་དག་དང་ཐ་ན་རྒྱལ་སྤྱིའི་ཐུན་མོང་འཕྲོད་བསྟེན་རྩ་འཛུགས། ད་དུང་འཛམ་གླིང་གི་སྨན་པ་མཁས་ཅན། ཚན་རིག་པ་གྲགས་ཅན་རྣམས་ཀྱིས་ཀྱང་གསོ་བཅོས་ཇི་ལྟར་བྱས་ཀྱང་། ཞིབ་འཇུག་གང་འདྲ་མཛད་ཀྱང་། ཚོད་ལྟ་ཇི་ལེགས་བྱས་ཀྱང་མཇུག་འབྲས་ཡིད་ཚིམ་པ་ཞིག་ལོན་གྱིན་མེད་པའི་ནད་ངན་ཨེ་ཙི་འདི་རང་རེ་བོད་སྨན་གྱིས་སངས་དྲག་ཐོན་ཐུབ་པ་བྱུང་བ་ཡིན་ན་དེ་ནི་རང་རེ་བོད་ཡུལ་ཕུད་ཀྲུང་གོ་རྒྱལ་ཁབ་སྤྱི་དང་གོ་ལ་ཧྲིལ་བོའི་སྟེང་གི་མིའི་རིགས་ལ་ཧ་ལས་ཤིང་ཧང་སངས་པའི་བྱས་རྗེས་རླབས་ཆེན་ཞིག་བཞག་པ་ཡིན་པས། དེ་ལ་མི་གུས་མཁན་སུ། དེ་ལ་མི་སྤྲོ་བ་གང་། དངོས་ནས་དེ་ལྟ་བུའི་ལྷ་རྗེ་ཞིག་མཆིས་ཚེ་རང་རེའི་གསོ་རིག་གི་བཞེད་པ་ལྟར་ན་སངས་རྒྱས་སྨན་བླ་གཉིས་པ་ཞིག་དུས་རབས་འདིར་བོད་ཡུལ་དུ་བྱོན་པ་གོར་མ་ཆག་པས་རྗེས་སུ་ཡི་རངས་ཀྱིས་བོད་ཁམས་ཕུད་ཐ་ན་འཛམ་གླིང་མི་མང་གིས་གུས་ཕྱག་རྒུ་སྤྲུགས་སུ་འཚལ་འོས་པ་དང་། ལོ་རྗེས་མ་གང་རུང་ཞིག་གི་འཛམ་གླིང་གི་གསོ་དཔྱད་བྱ་དགའ་གྲགས་ཅན“ནོའོ་པེ་ཨེར”གྱི་གཟེངས་བསྟོད་ཀྱང་རང་རེའི་ལྷ་རྗེ་དེ་ལ་ཐོབ་ངེས་རེད། ཡིན་ན་ཡང་། ཁོ་བོར་དོགས་པ་ཞིག་མཆིས་པ་ནི་སྤྱི་ལོ1981ལོར་གསར་དུ་བྱུང་བའི་འགོས་ནད་གདུག་ཅན་ཨེ་ཙི་ཟེར་བ་འདིར་དུས་ད་ལྟའི་བར་དུ་གསོ་བཅོས་ཇི་འདྲ་མཛད་ཀྱང་གཏན་ནས་སངས་དྲག་ཐོན་པའི་ལོ་རྒྱུས་ཤིག་འཛམ་གླིང་སྟེང་ལོ་ངོ་སུམ་ཅུ་སོ་ལྔ་ཡི་རིང་ལ་བྱུང་མ་མྱོང་པས་ན། བོད་སྨན་གྱིས་རྩ་བ་ནས་སངས་དྲག་ཐོན་རྒྱུ་ཧ་ཅང་ཁག་པོ་ཡིན་སྙམ། ན་ནིང་དོ་ཚིགས་འདིར་ང་རང་ཡང་གསོ་རིག་གི་ཚོགས་འདུ་ཆེ་མ་ཆུང་གསུམ་འགའ་ཤས་ཤིག་ལ་ཞུགས་པ་ཡིན་ལ། དེ་རུ་ཡང་ཐག་རིང་རྣ་བས་ཐོས་མྱོང་བའི་ཨེ་ཙིའི་བོད་སྨན་གསར་སྦྱོར་མཛད་ཡོད་ཟེར་མཁན་གྱི་སྨན་པ་རེ་གཉིས་ཀྱི་ཆེད་ལས་འཆད་ཁྲིད་ལ་ཡང་ཉན་པ་ཡིན་མོད། ཡིན་ན་ཡང་། ཁོང་རྣམ་པའི་དཔྱད་རྩོམ་དུ་ཨེ་ཙི་ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་སོགས་དེང་རབས་གསོ་རིག་གི་རིགས་ལམ་དང་འབྲེལ་ནས་རྒྱ་ཞིང་རྒྱས་པ་ཞིག་གསུངས་བྱུང་མོད། འོན་ཀྱང་། ང་རང་གིས་རེ་བསྒུག་བྱས་ཡོད་པའི་ཞིབ་འཇུག་འབྲས་བུ་སྟེ་བོད་སྨན་གྱིས་ཨེ་ཙི་སངས་དྲག་ཐོན་སོང་ཟེར་བ་ཞིག་ཕར་ཞོག་ཐ་ན་བོད་སྨན་གྱི་སྦྱོར་བ་གསར་བ་དེས་ཨེ་ཙིའི་ནད་པར་གསོ་བཅོས་བྱས་ཚུལ་གྱི་གཏམ་ཙམ་ཡང་ཐོས་མ་བྱུང་བས། ང་རང་དངོས་གནས་ཡིད་སྐྱོ་པོ་བྱུང་སོང་། ཨེ་ཙིའི་རྒྱུ་རྐྱེན་རྟགས་དབྱེ་བ་སོགས་ནུབ་ལུགས་གསོ་རིག་གིས་སྔར་ནས་ཕྲ་ཞིང་ཞིབ་པ་སྨྲས་ཡོད་པ་མིན་ནམ། ད་དུང་ཨེ་ཙིའི་རྒྱུ་རྐྱེན་དང་སྔོན་འགོག་བྱེད་སྟངས་སོགས་བོད་ཁུལ་གྱི་ཨེ་ཙིའི་དང་བླངས་པ་ལྷག་བསམ་ཅན་སྐོར་ཞིག་གིས་སྔར་ནས་བོད་ཡིག་དང་བོད་སྐད་ཀྱི་ལམ་ནས་སྒྲོག་གྱིན་པ་མ་ཡིན་ནམ། དངོས་གནས་ཨེ་ཙིའི་ནད་པར་གསོ་བཅོས་བྱས་ཏེ་ནད་དུག་རྩ་བ་ནས་སངས་དྲག་བྱུང་བའི་ཉམས་མྱོང་དམར་རྗེན་ཞིག་ཡོད་པ་མིན་ན། ཨེ་ཙིའི་སྨན་གསར་སྦྱོར་བྱས་ཡོད་ཟེར་བའམ། ཡང་ན་ཨེ་ཙིར་བོད་སྨན་ཕན་པར་འདུག་ཅེས་འུད་སྒྲོག་མི་མཛད་རོགས་ཞུ། རྒྱུ་མཚན་ནི་ཨེ་ཙི་ལ་ནུབ་ལུགས་སྨན་ཀྱང་མང་དུ་སྦྱར་ཡོད་པ་མིན་ནམ། ད་དུང་ནུབ་ལུགས་ཀྱི་སྨན་དེ་དག་ཁྲིམས་མཐུན་གྱིས་ཨེ་ཙི་ནད་པར་སྤྱད་དང་སྤྱོད་ཀྱིན་པའི་སྒང་མ་ཡིན་ནམ། རང་རེའི་གསར་སྦྱོར་གྱི་ཨེ་ཙིའི་སྨན་དེ་དོན་དངོས་སུ་ནད་པ་ག་འདྲ་ཞིག་ལ་བསྟེན་དུ་བཅུག་མྱོང་ངམ། དེ་ཧ་ཅང་ཁག་པོ་རེད། ཡང་ཅིག་བཤད་ན་གསར་སྦྱར་བོད་སྨན་དེས་ནད་ཐོག་དངོས་ནས་ཨེ་ཙིའི་ནད་དུག་ལ་ཅུང་ཕན་པ་ཡིན་ན་ཐང་མོད། འོན་ཀྱང་དེ་ནི་ཅུང་ཕན་སྐྱེད་འབྱུང་བ་ལས་ཨེ་ཙི་རྩ་བ་ནས་སངས་དྲག་བྱུང་བ་མིན་པས་སོ། །ཨེ་ཙིའི་ནད་ལ་ཅུང་ཕན་པ་དང་ནད་པའི་ཚེ་ཐག་ལོ་འགའ་ཤས་སམ་ཟླ་འགའ་ཤས་ལ་བསྲིང་ཐུབ་པའི་སྨན་ནུབ་ལུགས་གསོ་རིག་ལ་ཡང་སྔ་མོ་ཡོད་པ་མ་ཡིན་ནམ།དེ་བས་གལ་ཏེ་ནད་ཐོག་ལག་ལེན་ཁྲོད་བོད་སྨན་གྱིས་ཨེ་ཙི་ལ་ཕན་སྐྱེད་ཅུང་ཟད་ཐོན་པ་ཡིན་ན་ཡང་། དེ་དྲྭ་ཐོག་དང་བརྙན་འཕྲིན་དཔེ་ངོས་ཚོགས་འདུ་སོགས་སུ་འུད་སྒྲོག་དེ་ཙམ་མི་བྱེད་རོགས་ཞུ། རྒྱུ་མཚན་ནི་ད་ལྟ་ང་ཚོ་བོད་མདོ་དབུས་ཁམས་གསུམ་དུ་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་ཆོས་དཔལ་བཟང་བོ་སོགས་ཀྱིས་མཚོན་པའི་ངེས་པ་དོན་གྱི་ལྷག་བསམ་ཅན་སྐོར་ཞིག་གིས་ཨེ་ཙི་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱ་དང་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། དེ་ཡིས་བོད་རོང་འབྲོག་མི་མང་གི་ཨེ་ཙི་སྔོན་འགོག་གི་གོ་རྟོགས་ཅུང་ཙམ་ཇེ་མཐོར་འགྲོ་བཞིན་པའི་སྐབས་ཤིག་ཡིན་པས་སོ།། འདི་ནི་དགའ་འོས་པའི་བྱ་གཞག་ཅིག་ཡིན་པས་ང་ཚོ་ལྷ་རྗེ་དང་གསོ་རིག་དགེ་རྒན། བླ་མ། མཁན་པོ། དགེ་བཤེས། དང་བླངས་པ། གྲྭ་པ། སྔགས་པ། བོན་པོ། གསོ་རིག་སློབ་མ་སོགས་ཤེས་ཡོན་ཅན་རྣམས་ལ་མཚོན་ན་ཡང་རྩེའི་སྟེང་ལ་ཡལ་སྒྲོན་གྱི་དཔེ་ལྟར་ཨེ་ཙི་སྔོན་འགོག་གི་ཐད་འདིར་ཤུགས་རྒྱག་དགོས་པ་སྨོས་ཅི་དགོས། དེ་ཡང་ལོས་ཡིན་ཏེ། གསོ་བཅོས་བྱ་ཐབས་བྲལ་བའི་འགོས་ནད་ཅིག་ལ་མཚོན་ན། དེ་ཆུ་མ་ཡོང་གོང་གི་རགས་ཀྱི་དཔེ་ལྟར་སྔོན་འགོག་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་མ་ཡིན་ནམ། དེ་བས་གོ་ལ་ཧྲིལ་བོའི་སྒང་ན་སྔོན་ཐོན་རྒྱལ་ཁབ་རྣམས་ཀྱིས་ཀྱང་ཨེ་ཙི་སྔོན་འགོག་ལ་ཤུགས་རྒྱག་བཞིན་པ་མ་ཡིན་ནམ། རང་རེ་རྒྱལ་ཁབ་ཀྱི་ས་གནས་འཕྲོད་བསྟེན་སྡེ་ཁག་དག་གིས་ཀྱང་དེ་ལ་མཐོང་ཆེན་བྱེད་ཀྱིན་པ་མ་ཡིན་ནམ། ཡིན་ན་ཡང་། བར་སྐབས་འདི་ལྟ་བུ་ཞིག་ལ་ལྷ་རྗེ་ག་གེ་མོས་ཨེ་ཙི་གསོ་བའི་བོད་སྨན་ཞིག་བཟོས་སོང་། ཡང་ཅིག་ཅིག་གིས་ཨེ་ཙི་ལ་བོད་སྨན་བྱིན་པས་ཕན་སོང་། ཉིག་ཉིག་གིས་ཨེ་ཙིར་གསོ་བཅོས་བྱེད་སའི་སྨན་ཁང་ཞིག་བཙུགས་སོང་ཟེར་བ་སོགས་དྲིལ་བསྒྲགས་མང་པོ་བྱས་ཚེ་དེས་ལྡོག་ཕྱོགས་ནས་ཨེ་ཙི་སྔོན་འགོག་གི་བྱ་བར་གནོད་པའང་ཆེན་པོ་ཐེབས་སྲིད་དེ། སྤྱིར་བོད་རོང་འབྲོག་ཁུལ་ལ་མཚོན་ན་བརྒྱ་ཆའི་བརྒྱད་ཅུ་ཙམ་ཡིག་རྨོངས་ཡིན་པས། ཁོ་ཚོར་ཨེ་ཙི་སྔོན་འགོག་ཕྱོགས་ཀྱི་ཤེས་བྱ་ཤིན་ཏུ་ཞན་པ་དང་། ཨེ་ཙི་སྔོན་འགོག་གི་གོམས་གཤིས་མེད་པ། དེ་ལ་དོགས་ཟོན་ཆེར་བྱེད་མི་ཤེས་པས་འགོས་རིམས་སྔོན་འགོག་གི་བྱ་གཞག་སྒྲུབ་རྒྱུ་ཧ་ཅང་དཀའ་ཚེགས་ཆེ་བའི་སྟེང་དུ། དྲྭ་སྟེང་དང་ཁ་བརྡ་བརྙན་རིས་སོགས་སུ་ཨེ་ཙི་ལ་བོད་སྨན་གྱིས་ཕན་སྐྱེད་ཆེ་ཚུལ་སོགས་ཐོས་ཚེ་མ་གཞི་ནས་དོགས་པ་ཆེར་མེད་པའི་ཨེ་ཙི་སྔོན་འགོག་གི་འདུ་ཤེས་ཆུང་བ་ནས་མེད་པར་འགྲོ་སྲིད་དེ། ཁོ་ཚོའི་སེམས་སུ་ཨེ་ཙིའི་སྨན་ཁང་ཞིག་ཡོད་ཚོད་ཐོས་ཚེ་དེ་རུ་ཨེ་ཙིའི་ནད་དྲག་ཐག་ཆོད་པར་གོ་བ་ལེན་པ་དང་། ཨེ་ཙིའི་བོད་སྨན་གསར་བ་ཞིག་བཟོས་ཡོད་པ་གོ་མ་ཐག་དེ་ནི་ཨེ་ཙི་སངས་དྲག་འབྱུང་ཐུབ་པའི་སྨན་ཞིག་ཡིན་པར་ཡིད་ཆེས་བྱེད་ངེས་ལ། ད་དུང་བོད་སྨན་གྱིས་ཨེ་ཙི་ལ་ཕན་པར་འདུག་ཅེས་པ་ཙམ་ཐོས་དུས་དེ་ནི་བོད་སྨན་གྱིས་ཨེ་ཙི་སངས་དྲག་ཐོན་པའི་གོ་བ་གོ་ལོག་ལེན་མཁན་ཡང་མི་ཉུང་བས། རབ་ཡིན་ན་ལྷ་རྗེ་རྣམ་པས་ཀྱང་བོད་སྨན་གྱིས་དངོས་གནས་ཕན་པ་ཙམ་མ་ཡིན་པར་ཨེ་ཙིའི་ནད་དུག་རྨེག་མེད་བཅོམ་ནས་ཨེ་ཙིའི་ནད་པ་སངས་དྲག་འགྲོ་ཐུབ་པའི་གྲུབ་འབྲས་རྨ་མེད་པ་ཞིག་འབྱུང་བའི་བར་དུ། ནད་ཐོག་ནས་ཨེ་ཙི་ལ་ཞིབ་འཇུག་གཏིང་ཟབ་དང་ལག་ལེན་ཁྲོད་ར་སྤྲོད་གང་ལེགས་བྱེད་པ་ལས། ག་ས་གང་དུ་ཨེ་ཙིའི་བོད་སྨན་ཡོད་ཚུལ་སོགས་བོད་རོང་འབྲོག་ཁུལ་དུ་མ་བསྒྲགས་ན་དགེ་མཚན་ཆེ་སྙམ། དེ་ལྟར་མ་ཡིན་པར་ཨེ་ཙིར་བོད་སྨན་གྱིས་ཕན་ཚུལ་སོགས་བོད་རོང་འབྲོག་ས་ཁུལ་སོ་སོར་ཁྱབ་ཚེ། ཁོ་ཚོ་ཨེ་ཙི་ལ་མི་འཇིགས་པ་མ་ཟད་ཨེ་ཙི་སྔོན་འགོག་ལ་དེ་བས་དོ་སྣང་བྱེད་མི་སྲིད་པ་དང་། ཨེ་ཙིའི་སྔོན་འགོག་གི་འདུ་ཤེས་བྲལ་ཚེ་ཨེ་ཙི་འགོས་མཆེད་འབྱུང་བའི་ཉེན་ཁ་ནི་དེ་བས་ཀྱང་ཆེ་རུ་འགྲོ་ངེས་ལ། དེ་ལྟར་གལ་ཏེ་ཨེ་ཙིའི་ནད་པ་ཇེ་མང་དུ་གྱུར་ཚེ་ང་ཚོས་དེ་ལ་བྱ་ཐབས་ཅི་ཞིག་སྤྱོད་དམ། དེ་ནི་ཧ་ཅང་འཇིགས་ཡེར་བའི་གནད་དོན་ཞིག་མ་ཡིན་ནམ། དེ་བས་རིག་གནས་ཡོན་ཚད་དམན་ཞིང་བསམ་བློའི་གོ་རྟོགས་ཞན་པའི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། ལྷ་རྗེ་རྣམ་པས་ཨེ་ཙི་སངས་དྲག་འགྲོ་བའི་བོད་སྨན་ཞིག་ཡོད་པ་མིན་ན། ཅུང་ཙམ་ཕན་པའི་བོད་སྨན་འདུག་ཚུལ་མ་ལབ་ན་དགེ་མཚན་ཆེའོ།།

བདུན།     ཤ་ཆེན་མཁོ་ནའང་ཨེ་ཙི་ལ་དོགས་ཟོན་བྱོས།

   རང་རེའི་བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་རེ་འགར་ཤ་ཆེན་དགོས་པ་རེད།དེ་ཡང་ཤ་ཆེན་ཞེས་པ་ནི་མི་ཤའི་གབ་མིང་ཡིན་ཏེ།མི་ནད་མེད་གློ་བུར་དུ་ཤི་བའམ་དཔའ་བོ་གཡུལ་དུ་བསད་པའི་ཤ་ཡི་མིང་། དཔལ་ལྡན་རྒྱུད་བཞི་རུའང་། མི་ཤས་འབྲས་འདུལ་རླུང་དུག་གཉན་ནད་འཇོམས།། ཞེས་གསུངས་པ་ལྟར། མི་ཤས་འབྲས་འདུལ་ཞིང་རླུང་ནད་དང་དུག་དང་གཉན་ནད་བཅས་འཇོམས་པ་ཡིན།དེ་བས་འབྲེལ་ཡོད་ཀྱི་བོད་སྨན་སྦྱོར་སྡེ་མི་ཉུང་བ་ཞིག་ཏུ་ཤ་ཆེན་དགོས་པ་རེད།ཤ་ཆེན་གྱི་ནུས་པ་བསམ་གྱིས་མི་ཁྱབ་པ་ནི་སྨྲ་མི་དགོས་མོད། ཡིན་ན་ཡང་ན་ནིང་དོ་ཚིགས་འགོས་ནད་གདུག་པ་ཅན་ཨེ་ཙི་དང་རེག་དུག་སོགས་འགོ་བའི་ཉེན་ཁ་ཆེ་བའི་དུས་སྐབས་ཤིག་ལ་མཚོན་ན།ཤ་ཆེན་སྨན་དུ་སྤྱོད་རྒྱུའང་ཧ་ཅང་ཁག་པོ་རེད། གལ་ཏེ་དཔའ་བོ་གཡུལ་དུ་བསད་པ་ཡིན་ན་ཡང་། དེ་ལ་ཨེ་ཙི་དང་རེག་དུག་སོགས་མེད་པ་ཅི་ལྟར་ཤེས་སམ། དེ་བས་དེ་ལ་ཉེན་ཁ་ཆེན་པོ་འདུག  གལ་ཏེ་ཤི་བོ་དེར་ཨེ་ཙི་དང་རེག་དུག་སོགས་འགོས་ནད་ཚབས་ཆེན་ཡོད་པ་ཡིན་ཚེ་དེའི་ཤ་ཆེན་སྨན་སྦྱོར་དུ་བསྡེབས་པས་ནད་པ་མང་པོ་ཞིག་གི་ནད་སེལ་རྒྱུ་ལྟ་ཅི།དེ་ལས་ལྡོག་སྟེ་སྔར་གྱི་ནད་ལས་ཚབས་ཆེ་ཞིང་བབ་ལྕི་བའི་ཨེ་ཙི་སོགས་འགོས་ནས་གསོ་ཐབས་མེད་པར་ཚེ་སྲོག་ཤོར་འགྲོ་བ་རེད། དེ་བས་དེ་ལས་ཡ་ང་བ་དང་འཇིགས་ཡེར་བའི་བྱ་བ་ཞིག་མཆིས་སམ།དེ་བས་བོད་ཀྱི་ལྷ་རྗེ་རྣམ་པས་ཀྱང་ད་ནས་བཟུང་ཤ་ཆེན་སྨན་དུ་སྦྱོར་བར་སེམས་ཆུང་དང་མཉམ་འཇོག་གང་ལེགས་བྱ་རྒྱུ་གལ་ཆེ་བ་དང་།གཤིན་པོ་དེ་གསོན་དུས་ཨེ་ཙི་དང་རེག་དུག་སོགས་མེད་ཐག་ཆོད་པར་ཆ་རྒྱུས་ཡོད་པ་མིན་ན།རབ་ཡིན་ན་རྒྱུས་མེད་ཀྱི་ཤ་ཆེན་སྨན་དུ་མ་སྤྱད་ན་ལེགས་པོ་འདུག  ཤ་ཆེན་དགོས་པར་ཚབ་སྨན་བཏང་ན་ཤིན་ཏུ་བཟང་སྙམ་མོ།།

བརྒྱད།  དུར་ཁྲོད་དུ་རོ་ལས་བྱེད་དུས་ཀྱང་ཨེ་ཙི་ལ་འཛེམས་རྒྱུ་གལ།

   དེ་ཡང་བོད་ལ་དུར་འདེབས་སྲོལ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་ལས། མང་ཆེ་ཤས་ནི་དུར་ཁྲོད་དུ་བེམ་པོ་ཁྱེར་ཏེ་བྱ་རྒོད་ལ་སྦྱིན་པ་གཏོང་བ་དེ་རེད། དེ་ཡང་དུར་ཁྲོད་དུ་བེམ་པོ་ག་འདྲ་བྱས་ཏེ་བྱ་ལ་སྦྱིན་པ་གཏོང་བ་རེད་ཅེ་ན། དེ་ཡང་ཐོག་མར་བེམ་པོ་དུར་བདག་ཅེས་དུར་ཁྲོད་དེ་རུ་ཆོ་ག་སྣ་ཚོགས་སྒྲུབ་ཅིང་རོ་ལས་བྱེད་པའི་སྔགས་པའམ་བན་དེ་ཞིག་མཆིས་པ་དེས།སྟ་རེ་དང་གྲི་སོགས་ཀྱིས་ཤི་བོ་དེའི་བེམ་པོ་ཡན་ལག་ཉིང་ལག་བཅས་སུ་གསེས་ནས་ད་གཟོད་དུར་བྱ་གང་གྰ་རོ་ཟན་ནམ་བྱ་རྒོད་ལ་ཟ་རུ་འཇུག་པ་རེད།དེ་བས་སྐབས་དེ་དུས་སུ་བེམ་པོའི་ལུས་ཡན་ལག་ཉིང་ལག་དང་དོན་ལྔ་སྣོད་དྲུག་བཅས་ལས་བརྡོལ་བའི་ཁྲག་དམར་ག་ས་གང་དུ་བཞུར་བ་དང་ཁྱད་པར་དུ་དུར་བདག་གི་ལག་པ་དང་ཁ་ངོ་ལུས་ཀྱི་གྱོན་པ་བཅས་ཀྱི་ངོས་སུ་འགོ་སྲིད་པ་རེད།དེས་ན་ང་ཚོས་ཤེས་གསལ་ལྟར་དུར་ཁྲོད་བདག་པོ་མང་ཆེ་བས་ལག་ཤུབ་དང་ཁ་བཏུམ་ཙམ་ཡང་བརྒྱབ་མེད་པ་ཡིན།ཁོ་ཚོས་དེ་ལྟར་བྱེད་པ་ནི་ཤི་བོའི་བེམ་པོ་ལ་མཐོང་ཆུང་དང་འཛེམས་དོགས་མི་བྱེད་པ་དང་། གཤིན་པོའི་མི་བདག་ལ་བརྩི་བཀུར་བྱེད་བཞིན་པ་སུས་ཀྱང་ཤེས་མོད། ཡིན་ན་ཡང་། གལ་ཏེ་གཤིན་པོ་དེ་འགོས་ནད་གདུག་ཅན་ཨེ་ཙིའི་ཤི་བའམ་ཡང་ན་ཨེ་ཙིའི་ཤི་བ་མིན་ཡང་ལུས་སྟེང་ན་ཨེ་ཙིའི་ནད་དུག་ཅན་ཞིག་ཡིན་ཚེ།དེ་ལ་ཉེན་ཁ་ཧ་ཅང་ཆེ་སྟེ།གཤིན་པོའི་ཁྲག་རྣག་དུར་བདག་གི་ལུས་སྟེང་དུ་འགོས་པ་ལས་སྟབས་མ་ལེགས་ཚེ་དེ་ལ་འགོ་བའི་ཆ་རྐྱེན་ལྡན་པ་མིན་ནམ། ཁྲག་ནི་ཨེ་ཙིའི་འགོ་ལམ་གཙོ་བོ་ཞིག་མ་ཡིན་ནམ། ད་དུང་བྱ་རྒོད་ཀྱིས་བེམ་པོའི་ཤ་ཁྲག་རོལ་ཚར་བ་ན་ཤུལ་དུ་ལུས་པའི་རུས་པའང་དུར་བདག་གིས་བཏུས་ནས་བརྡུངས་ཏེ་ཡང་བསྐྱར་བྱ་ལ་སྟེར་བ་ཡིན་པས།དེའི་སྐབས་སུ་ལག་ངོས་དང་ལུས་སྟེང་དུ་འགོས་པའི་ཁྲག་དེ་དུར་བདག་གི་ལུས་སུ་རྨ་ཁ་འདྲ་ཡོད་ཚེ་དེ་རུ་སིམ་ངེས་ཤིང་། ཨེ་ཙིའི་ནད་དུག་མཆིས་ཚེ་དེ་ལ་འགོ་སྲིད་པས། ད་ནས་བཟུང་དུར་བདག་རྣམས་ལ་ཡང་ཇི་འདྲའི་བྱམས་དང་སྙིང་རྗེ་ཆེ་ཡང་།རང་ཉིད་ལ་ཨེ་ཙི་མི་འགོ་བའི་ཆེད་དུ་རབ་ཡིན་ན་འགོས་རིམས་ཚོད་འཛིན་ལྟེ་གནས་སོགས་སུ་ཡོད་པའི་གྱོན་པ་དང་ཁ་བཏུམ།ལག་ཤུབ་སོགས་གོན་པ་དང་། ད་དུང་རོ་ལས་བྱས་རྗེས་དེ་དག་ལ་དུག་སེལ་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེ་སྙམ་མོ།།

དགུ། ནད་ལྕི་མོར་གྱུར་ཚེ་རོགས་སྐྱོར་བྱེད་པ་ལས་ནད་མ་བྱུང་སྔོན་ནས་སྔོན་འགོག་བྱེད་རྒྱུ་གལ།

  བོད་འདི་དངོས་གནས་ཆོས་དད་ཅན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་མི་མང་ཆེ་བས་ལས་རྒྱུ་འབྲས་བརྩི་ཞིང་བྱམས་སྙིང་རྗེ་ཆེ་ལ།ཆེ་བཀུར་ཆུང་བྱམས།ཁ་མིག་ཡར་ལྟ་དང་ཉམ་ཐག་པར་རོགས་རམ་བྱེད་པར་དགའ་བ་ཞིག་ཡིན།གནའ་ནས་ད་བར་དུ་ནད་པ་ལྕི་མོ་ཞིག་བྱུང་ནས་དེ་གའི་ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་ཟད་ལ་ཉེ་བ་ཞིག་མཐོང་ཚེ་ཚང་མས་ཡོད་པོས་བརྒྱ་འབུལ་སྟོང་འབུལ་དང་མེད་པོས་མེ་ཏོག་མཆོད་མཇལ་གྱིས་སྙིང་ཉེ་ཉེ་དང་ཤ་ཚ་ཚས་རོགས་ཅི་ཐུབ་གང་ཐུབ་བྱེད་པ་རེད།དུས་རབས་འདིར་མཚོན་ན་ཡང་དེ་འདྲ་རེད།ད་སྐབས་སྐར་ཕྲན་གྱི་ཚོགས་པ་ཆེ་མ་ཆུང་གསུམ་མང་པོ་བཙུགས་ཡོད་དེ།དཔེར་ན། ང་རང་གི་ཁ་པར་དུ་འཁོད་པ་དག་བཤད་ནའང་།བེེ་སྔོན།འགྲོ་ཕན་གླིང་།གཡུ་ཐོག་སྨན་གླིང་། ལུང་ཁྲིད་ཚོམས།གསོ་རིག་དཔེ་ཁང་།ཚེ་རིག་གླིང་།རྒྱལ་ཡོངས་བོད་ལུགས་སྨན་རྫས་ཟབ་སྦྱོང་འཛིན་གྲྭ་དང་གསོ་རིག་དྲི་གླིང་སོགས་གསོ་རིག་གི་ཚོགས་པ་དང་།གཞན་ཡང་རང་ཁྱིམ་གླིང་།དུང་བརྡ་དམངས་རྩོམ་ཆེད་དེབ།སྒྲ་དབྱངས་གླིང་།འདྲེ་སྒྲུང་གླིང་།རྫ་ཁའི་གཞས་ར།རྗེ་བཙུན་ཚོགས་པ།རྒྱུགས་བཤེར་གླིང་སོགས་ཆེད་ལས་མི་འདྲ་བ་དང་ལས་རིགས་མི་གཅིག་པ།ས་གནས་མི་མཚུངས་པ་སོགས་ཀྱི་སྐར་ཕྲན་ཚོགས་པ་ཤིན་ཏུ་མང་བ་མ་ཟད། ཚོགས་པ་ལ་ལར་མི་གྲངས་ལྔ་བརྒྱ་ཙམ་ཡོད་པ་རེད།དེ་ལྟར་ཚོགས་པ་སོ་སོར་ནད་པ་ལྕི་མོ་ནད་བབ་ཚབས་ཆེན་ཅན་གྱི་འདྲ་པར་དང་ཡང་ན་བརྙན།ཡང་ན་གསལ་བཤད་ཡི་གེ་ལ་བདེན་དཔང་ཐམ་ག་བརྒྱབ་ནས་ནད་པའི་དངུལ་བྱང་སོགས་བསྐུར་ནས་རོགས་རམ་གྱི་སྒོར་མོ་འཛོམས་ཚོད་བསྡུས་ཏེ་མཐུན་རྐྱེན་ཅི་ནུས་བསྐྲུན་བཞིན་ཡོད་པ་རེད།རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་ས་གནས་སྲིད་གཞུང་གི་འབྲེལ་ཡོད་སྨན་ཁང་སོ་སོས་སྨན་ཡོན་བརྒྱ་ཆའི་མང་ཤོས་རོགས་རམ་བྱེད་པ་དང་།ད་དུང་ནད་པ་ལྕི་མོ་ཡིན་ན་དམངས་སྲིད་ཅུའུས་མཛོ་ཁལ་ལུག་ཁལ་གྱིས་ཁ་གསབ་བྱས་པའི་སྟེང་།ཚོགས་པ་དང་མི་སྒེར་གྱིས་ཀྱང་འདི་ལྟར་རོགས་རམ་བྱེད་པ་ནི་ཤིན་ཏུ་དགའ་འོས་པའི་བྱ་བ་ཞིག་ཅི་ལ་མིན།ཁྱིམ་ཚང་གཉོམ་ཆུང་ཞིག་ལ་མཚོན་ན་དངོས་གནས་གནམ་རྒན་མའི་གནང་སྦྱིན་རེད་ཡ།ཡིན་ན་ཡང་།ང་རང་ལ་འདི་དུས་བསམ་ཚུལ་ཞིག་བྱུང་བ་ནི་བོད་པ་འདི་དག་གིས་ནད་བྱུང་ནས་ཡུན་ལོན་ཏེ་ཚབས་ཆེན་དུ་གྱུར་བ་སྟེ།རྒྱུད་བཞི་ལྟར་སྨྲས་ན་འབྲས་བུ་སྲོག་གཅོད་ནད་དགུ་ཡི་དུས་སུ་སླེབས་པ་ན་ད་གཟོད་མི་བདག་གཞན་གཉིས་ཀའི་སྙིང་རླུང་སྟོད་ལ་འཚངས་པ་དང་། སྙིང་རྗེའི་སྤྱན་ཆབ་བསིལ་གྱིན་ནད་པའི་གམ་དུ་བྱ་རྒོད་ཐོད་ལ་འཚོགས་འཚོགས་བྱེད་པ་ལས།ནད་མ་བྱུང་བའི་སྔོན་ནས་དེ་ལ་སྔོན་འགོག་གི་འདུ་ཤེས་དྲགས་པོ་ཞིག་དང་བརྩོན་པ་མཐར་ཐུག་ཅིག་མེད་པ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།ནད་གསོ་བ་ལས་སྔོན་འགོག་གཙོ་བོ་ཡིན་པ་ནི་འཛམ་གླིང་གི་འགྲོ་སྟངས་དང་།རང་རེའི་རྒྱལ་ཁབ་ཀྱི་མངག་བཅོལ་ལགས་ལ།དེང་དུས་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་རྣམས་ཀྱིས་བོད་ཁུལ་དུ་སྒྲུབ་ཀྱིན་པའི་ལས་འགན་ཡང་རེད།དཔལ་ལྡན་རྒྱུད་བཞི་རུ་ཡང་།མི་ན་བ་གནས་བར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།།ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ།།ཞེས་གསུངས་པའི་དགོངས་དོན་ལས་ཀྱང་ནད་མེད་པར་ལུས་ཐ་མལ་དུ་གནས་རྒྱུ་དང་ཚེ་རིང་བ་ནི་གལ་ཆེན་ཡིན་པ་བསྟན་ཡོད་པ་མིན་ནམ།དེ་བས་ནད་མ་བྱུང་བའི་སྔོན་ནས་དེ་འགོག་པའི་ཐབས་ཤེས་ལེགས་པོ་གང་ནུས་ཅི་ལྕོགས་ཀྱིས་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ་མོད།ང་ཚོ་བོད་པའི་སྤྱི་ཚོགས་སུ་ད་དུང་དེ་ནི་གལ་ཆེན་ཞིག་ཡིན་པ་ལར་ནས་རྟོགས་ཀྱི་མི་འདུག དེ་མ་ཤེས་པས་ནད་ངན་ཨེ་ཙི་དང་རེག་དུག་སོགས་འགོས་ནད་སྔོན་འགོག་གི་འདུ་ཤེས་ཆུང་ཞིང་གོམས་གཤིས་དམན་པ་རེད།སྔོན་འགོག་གི་འདུ་ཤེས་ཞན་པས་ཨེ་ཙི་སོགས་འགོ་བ་ལའང་མཐུན་རྐྱེན་བསྐྲུན་པ་རེད།སྔོན་འགོག་ལ་དོ་སྣང་མ་བྱས་པར་གལ་ཏེ་ཨེ་ཙིའི་ན་ཚ་འགོས་པ་ཡིན་ན་དེ་ལ་འཛམ་གླིང་ཐོག་བཅོས་ཐབས་བྲལ་བས།དེ་ནད་བབ་ཚབས་ཆེན་དུ་གྱུར་ཚེ་ཡང་བོད་པ་སྐྱ་སེར་གཉིས་ཀས་སྙིང་རྗེའི་ཕྱག་ཟུང་བརྐྱངས་རྒྱུ་ཡིན་ནམ།མི་སྐྱ་ཕོ་མོ་གཉིས་ཀས་སྙིང་རྗེའི་མཆི་མ་གཏོར་རྒྱུ་ཡིན་ནམ།སྐབས་དེར་ཅི་བྱས་ཀྱང་ཕན་ཐོགས་མེད་ལ།ཇི་མཛད་ཀྱང་སྐྱོབས་ཐབས་བྲལ་བ་རེད།དེས་ན་ཅི་བྱེད་དགོས་གང་སྒྲུབ་དགོས་ཤེ་ན།ལས་ལ་བརྩོན་ཞིང་གཞུང་རྒྱུད་དྲང་ཞིང་།བྱམས་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བོད་པ་ཚོས།ནད་པ་ཚབས་ཆེན་ལ་རོགས་རམ་བྱེད་པ་ཇི་བཞིན་དུ་ཨེ་ཙི་དང་རེག་དུག་སོགས་འགོས་ནད་ཚབས་ཆེན་སྔོན་འགོག་གི་ཕྱོགས་ལ་ཧུར་ཐག་འབད་ཐག་བྱ་དགོས་ཏེ།དཔེར་ན།ས་གནས་སྲིད་གཞུང་གིས་འགོས་རིམས་ཨེ་ཙི་དང་རེག་དུག་སོགས་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་པར་ནན་ཏན་གྱིས་ཉན་པ་དང་།སྨན་པ་རྣམས་ཀྱིས་འགོས་ནད་ཀྱི་བསླབ་བྱ་གནང་བར་མཐོང་ཆེན་བྱེད་པ།སྤྱི་ཚོགས་ཀྱི་མི་སྣ་ལྷག་བསམ་ཅན་དང་དང་བླངས་པ་སོགས་ཀྱི་མངག་བཅོལ་ལ་དང་གུས་བྱེད་པ།དེ་དག་གི་བྱ་བར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་ཡི་རངས་བྱ་དགོས།མདོར་ན།ཨེ་ཙི་དང་རེག་དུག་སོགས་ཀྱི་སྔོན་འགོག་གི་བྱ་བ་ནི་འབྲོག་ཁུལ་གྱི་རྟ་རྒྱུགས་དང་།རོང་ཁུལ་གྱི་མདའ་རྩེད་ལས་ཀྱང་གལ་ཆེན་ཏུ་བརྩིས་ཏེ།དེ་ལ་མདོ་དབུས་ཁམས་གསུམ་སྤྱི་དང་།བྱེ་བྲག་ས་ཁུལ་སོ་སོ་དང་སྡེ་བ་རེ་རེ་བྱས་ཏེ་མི་ཤུགས་དང་དངོས་ཤུགས་གཉིས་ཀ་བཏོན་ནས་འབད་བརྩོན་བྱེད་དགོས་ཤིང་།དེ་ལྟར་བྱས་ཚེ་ཨེ་ཙི་དང་རེག་དུག་འགོ་བའི་ཉེན་ཁ་ལས་བཤོལ་ཐུབ་ཅིང་ཐར་སྲིད་པ་ཡིན།འགོས་ནད་གདུག་པ་ཅན་ཨེ་ཙི་དང་རེག་དུག་གི་ན་ཚ་མ་འགོས་ན།ད་གཟོད་ད་ལྟ་ནང་བཞིན་དུ་ཁྱིམ་ཚང་འཆམ་མཐུན།བཟའ་ཚང་འགྲིག་མཐུན།

སྤྱི་ཚོགས་བདེ་འཇགས།འཚོ་བ་ཡར་རྒྱས།མི་ལུས་བདེ་ཐང་།གཅེས་ཕྲུག་ནད་མེད།ཚེ་རིང་ཁམས་བདེ་བཅས་ཀྱི་བདེ་སྐྱིད་ལ་ལོངས་སྤྱོད་ཐུབ་པ་གདོན་མི་ཟ་བས།ཨེ་ཙི་སོགས་མ་བྱུང་གོང་གི་སྔོན་འགོག་ལ་གཙིགས་ཆེན་དང་ནན་ཏན་བྱ་རྒྱུ་ནི་ཅི་ལས་ཀྱང་གལ་ཆེའོ།།

བཅུ། སྐམ་ཁབ་བམ་དངུལ་ཁབ་ལས་འགོ་བར་འཛེམས་དགོས།

དེ་ཡང་གཞུང་སྒེར་གང་རུང་གི་སྨན་ཁང་དག་ལས་དངུལ་ཁབ་གདབ་དུས་ཀྱང་ངེས་པར་དུ་དོགས་ཟོན་བྱེད་དགོས་པར་འདུག    རྒྱུ་མཚན་ནི་སྨན་པ་ལ་ལས་སྔོན་དུས་ཀྱི་གོམས་སྲོལ་ལྟར་དུ་དངུལ་ཁབ་གཅིག་ནད་པ་མང་པོར་གདབ་པའི་ལུགས་སྲོལ་ཡོད་པ་རེད།དེ་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་ལས་ཤིག་ཡིན་ཏེ།གལ་ཏེ་ནད་པ་གཅིག་ལ་རེག་དུག་གམ་ཡང་ན་ཨེ་ཙིའི་ནད་ཕོག་ཡོད་ཚེ།དེར་གདབ་པའི་དངུལ་ཁབ་ཀྱི་སྟེང་དུ་ཆུ་བུར་མིག་གིས་མི་མཐོང་བའི་ནད་དུག་དང་ནད་འབུ་ཕྲ་མོ་དག་ཟུངས་ཁྲག་དང་བསྡོངས་ནས།ནད་པ་གཞན་པ་དག་ལ་འགོ་བར་བྱེད་པ་ནི་སྨོས་ཅི་དགོས།དེ་བས་དེ་ལ་འཛེམས་རྒྱུ་ནི་ཧ་ཅང་གལ་ཆེན་རེད།སྔོན་དུས་འགྲིམ་འགྲུལ་སྟབས་མི་བདེ་བའི་འབྲོག་ཁུལ་དག་ནས་དངུལ་ཁབ་ཀྱི་དུག་འདོན་བྱེད་ནི་ཆང་རག་དང་སྲིན་བལ་གྱི་ཚབ་ཏུ་གཙང་ཤོག་བཀོལ་སྤྱོད་བྱེད་པ་དང་།དངུལ་ཁབ་ཚོམ་གཅིག་ནད་པ་མང་པོར་སྔ་གཞུག་བྱས་ཏེ་གདབ་པ་ནི་གཞི་རིམ་གྱི་སྨན་པ་རྣམས་ཀྱི་གཞི་མཐུན་གྱི་ལུགས་སྲོལ་ཞིག་ཡིན་ལ།ང་རང་ཉིད་ཀྱིས་ཀྱང་སྔ་མོར་ཕ་ཡུལ་ཕྱོགས་སུ་དེ་ལྟར་བྱེད་མྱོང་བ་ཡིན།ཡིན་ན་ཡང་།དེ་དུས་མཚན་མའི་འགོས་ནད་ཤིན་ཏུ་ཉུང་བས་དེ་ལྟར་དངུལ་ཁབ་སྤྱད་ཀྱང་ཉེས་པ་ཆེར་མི་འབྱུང་མོད།དེང་དུས་གོམས་སྲོལ་དེ་སྨན་པ་རྣམས་ཀྱིས་རང་སྟེང་ནས་ངེས་པར་དུ་རང་རྟོགས་སྒོས་བསྒྱུར་དགོས་པར་འདུག 

དེ་ལྟར་མ་ཡིན་པར་སྔར་བཞིན་ཨུ་ཚུགས་མཐར་སྐྱེལ་གྱིས་དངུལ་ཁབ་གཅིག་ནད་པ་མང་པོར་གདབ་པ་ཡིན་ན།ཁྱེད་ཀྱིས་ནད་པ་དེའི་སྔར་གྱི་ནད་གཞིའི་སྟེང་དུ་ཡང་བསྐྱར་ཡ་ང་ཞིང་སྐྱི་གཡའ་བའི་ཨེ་ཙི་དང་རེག་དུག་གི་ནད་ཚ་ཡང་མི་བསྒོ་བའི་ངེས་པ་མེད་པས།ཉེས་པ་དེ་སྔོན་འགོག་བྱེད་པའི་ཕྱིར་དུ་ད་ནས་བཟུང་སྨན་པ་རྣམས་ཀྱིས་ཀྱང་ནད་པ་ཞིག་ལ་དངུལ་ཁབ་གདབ་དགོས་ཚེ་དངུལ་ཁབ་བགྖ་གཅིག་ནད་པ་དེ་རང་ལ་ཉོ་རུ་བཅུག་ནས་དེ་ཁོ་རང་གི་ཆེད་སྤྱོད་དཔྱད་ཆས་བྱེད་དགོས།ང་ཚོ་དར་མཚོ་རྫོང་བོད་སྨན་ཁང་ལ་མཚོན་ན་ཡང་།ད་ལྟ་ནད་པ་གཅིག་ལ་ཆེད་བཀོལ་གྱི་དངུལ་ཁབ་གསར་བ་སྤྱོད་པ་ལས།སྔོན་དུས་ལྟར་དུ་དངུལ་ཁབ་རྙིང་པ་ནད་པ་མང་པོར་གདབ་ཀི་མེད།དེ་ལྟར་སྨན་པ་ནི་ཉམ་ཐག་ནད་པའི་སྲོག་སྐྱོབ་མཁན་དང་བྱམས་དང་སྙིང་རྗེའི་བདག་ཉིད་ཅན་ཡིན་པས།རྒྱ་ཆེ་བའི་རོང་འབྲོག་གི་ནད་པ་དག་ལ་སྨན་པའི་ཆ་བྱད་དངུལ་ཁབ་སོགས་ལས་འགོས་ནད་ཨེ་ཙི་སོགས་མི་བསྒོ་བ་ཐུགས་ལ་འཇགས་དགོས་འདུག

  བཅུ་གཅིག      གཏར་གྲི་ལས་འགོ་བར་འཛེམས་དགོས།

རྒྱུད་ལས།ཁྲག་མཁྲིས་ཚ་བའི་ནད་ལ་གཏར་ག་མཆོག། ཅེས་པ་བཞིན་དུ་སྤྱིར་ན་ནད་པའི་ནད་ཁྲག་གཏར་བ་ནི་བོད་ལུགས་གསོ་རིག་གི་ཐུན་མིན་ཁྱད་ཆོས་ཤིག་ཡིན་པས་ཤིན་ཏུ་བཟང་མོད།ཡིན་ན་ཡང་།རང་རེའི་སྨན་པ་རྣམས་ཀྱིས་མཉམ་འཇོག་དགོས་པ་ཞིག་ལ།གཏར་ག་རྒྱག་བྱེད་ཀྱི་གཏར་གྲི་དེའང་སྔར་ལུགས་བཞིན་དུ་ནད་པ་མང་པོར་གཏར་གྲི་གཅིག་བཀོལ་སྤྱོད་བྱས་པ་ཡིན་ན།གཏར་གྲི་དེ་ལས་ཀྱང་ཨེ་ཙི་དང་རེག་དུག་སོགས་ནད་པ་ཕན་ཚུན་བར་འགོ་བར་བྱེད་སྲིད་པས།དེ་ལ་དོགས་ཟོན་བྱ་རྒྱུའང་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།དེ་ཇི་ལྟར་འགོ་བ་རེད་ཟེར་ན།གལ་ཏེ་ནད་ངན་ཨེ་ཙིའམ་ཡང་ན་རེག་དུག་གི་ན་ཚ་ཅན་གྱི་ནད་པ་ཞིག་གི་ཁྲག་གཏར་བའི་རྗེས་སུ་ཡང་བསྐྱར་གཏར་གྲི་དེས་ཨེ་ཙི་སོགས་མེད་པའི་ནད་པ་གཞན་ཞིག་ལ་གཏར་ག་བརྒྱབ་པ་ཡིན་ན།གཏར་གྲིའི་སོ་ཁ་རུ་འགོས་པའི་ཁྲག་དང་བསྡོངས་པའི་ཨེ་ཙིའི་ནད་དུག་དང་རེག་དུག་གི་ནད་འབུ་སོགས་གཞན་ཕ་རོལ་བོ་དེ་གའི་ལུས་ལ་གཏར་གྲིས་རྨ་བཟོས་པའི་གོ་སྐབས་དང་བསྟུན་ཏེ་དེ་གའི་ཟུངས་ཁྲག་བརྒྱུད་ནས་དེ་ལ་འགོ་བར་བྱེད་པ་རེད།དེ་བས་བོད་ལུགས་སྨན་པ་རྣམས་ཀྱིས་ཀྱང་ནད་པར་གཏར་ག་རྒྱག་དུས་ངེས་པར་དུ་ནད་པ་མང་པོར་གཏར་གྲི་གཅིག་སྤྱོད་པའི་སྔར་སྲོལ་དོར་ནས།ནད་པ་གཅིག་ལ་གཏར་གྲི་གཅིག་ཆེད་སྤྱོད་ཆིག་བཀོལ་བྱེད་རྒྱུ་ནི་ཐུགས་ལ་འཛིན་དགོས་པར་འདུག      གཞན་དུ་ཁོ་བོས་ཐོས་ཚོད་ལྟར་ན།ཁམས་ཁུལ་དུ་སྨན་མི་ཤེས་པའི་འབྲོག་པ་རྣམས་ཀྱིས་ཀྱང་སོས་ཀ་སོགས་སུ་བདེ་ཐང་གི་གཏར་ག་ཞེས་ཕན་ཚུན་གྱི་ཁྲག་གཏར་བའི་ལུགས་སྲོལ་ཡང་འདུག་ཟེར་བས།དེ་ནི་སྨན་པས་གཏར་བ་ལས་ཀྱང་ཆ་བྱད་ལ་དུག་སེལ་སོགས་ཞན་པས་འགོས་ནད་ཀྱི་ཆ་ནས་བཤད་ན་ཇི་འདྲའི་ཉེན་ཁ་ཅན་གྱི་ལས་ཀ་ཞིག་རེད་ཨང་།དེ་བས་དེ་འདྲའི་དཔེ་ཡོད་ན་ཨེ་ཙི་དང་རེག་དུག་སོགས་གཏར་གྲིའི་སོ་ལས་ཕན་ཚུན་ལ་མི་འགོ་བའི་ཆེད་དུ་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་ཉམས་མྱོང་ཅན་གྱི་སྨན་པ་མཁས་པ་བསྟེན་ཏེ་གཏར་ག་རྒྱག་རྒྱུ་ཧ་ཅང་གལ་ཆེའོ།།

བཅུ་གཉིས། སོ་འབལ་བྱེད་ཀྱི་ཆ་བྱད་ལས་འགོ་བར་འཛེམས་དགོས།

ང་ཚོས་ག་ས་ག་རུ་མཐོང་ཐུབ་པ་ལྟར་དུ་བོད་ཁུལ་གྱི་རྫོང་དང་ཁུལ་གྲོང་རྡལ་བཅས་སུ་སོ་འཛུགས་ཁང་ཤིན་ཏུ་མང་བ་རེད།དེ་ནི་གཙོ་བོ་བོད་པ་ཚོ་སོ་ཡི་མཛེས་མཆོར་སྤྲོ་བར་དགའ་བའི་སྟབས་ཀྱིས་ཡིན་ལ།སོ་འཛུགས་ཚོས་ཀྱང་གོ་སྐབས་དེ་དམ་འཛིན་བྱས་ཏེ་སྒོར་མོའི་ཡོང་འབབ་གྱ་ནོམ་པ་གཉེར་གྱིན་པ་སྨོས་ཅི་དགོས།བོད་ཁུལ་དུ་གསེར་སོ་དང་དངུལ་སོ།ཟངས་སོ་སོགས་ཤན་པ་ནི་གནའ་སྔ་མོར་སྦྱར་དུག་བརྟག་ཆས་དང་དུག་སྔོན་འགོག་དང་དུག་སེལ་བཅས་ཀྱི་ཆེད་སྤྱད་པ་ཡིན་མོད།དེང་དུས་དེའི་ངོ་བོ་འགྱུར་ནས་ཕོ་གསར་མོ་གཞོན་དག་གིས་མཛེས་མཆོར་སྤྲས་བྱེད་དུ་སོང་ཡོད་པ་རེད།སོ་འཛུགས་དུས་ཀྱང་ཨེ་ཙི་དང་རེག་དུག་སོགས་འགོ་བའི་ཉེན་ཁ་དེ་འདྲ་ཆེ་མིན་མ་ངེས་མོད།དེ་དང་བསྟུན་ནས་སོ་འཛུགས་ཚོས་སོ་ན་བའི་ནད་པ་དག་གི་སོ་འབལ་བཞིན་པ་ནི་ཇི་འདྲའི་སྐྱི་གཡའ་བ་ཞིག་མིན་ནམ།གཅིག་ནས་ཁོ་ཚོ་སྨན་པ་མིན་པས་སོ་འབལ་བྱེད་ཀྱི་ཆ་བྱད་སྐམ་པར་དུག་འདོན་མི་བྱེད་པ་རེད།དུག་འདོན་མ་བྱས་ཚེ་ནད་པ་གཅིག་གི་སོ་འབལ་དུས་སོ་རྙིལ་ལས་རྡོལ་བའི་ཁྲག་དེ་སྐམ་པའི་སོ་ཁར་ཆགས་སྲིད་པ་དང་།དེ་ཡང་ཕྱིས་སུ་སོ་འབལ་བར་ཡོང་བའི་ནད་པར་སྤྱད་དེ་སོ་བླངས་པའི་ཚེ།སྔར་གྱི་ནད་པ་དེའི་ཁྲག་དེ་ཆ་བྱད་སྐམ་པ་བརྒྱུད་ནས་ཕྱིས་ཀྱི་ནད་པ་དེའི་སོ་འབལ་སྐབས་རྡོལ་བའི་སོ་རྩའི་རྨ་ཁ་དང་རྨ་ཁ་ནས་བཞུར་བའི་ཁྲག་དང་འདྲེ་བ་རེད།དེས་ན་གལ་ཏེ་སྔར་གྱི་ནད་པ་དེ་མཚན་མའི་འགོས་ནད་ངན་པ་ཨེ་ཙི་དང་ཡང་ན་རེག་དུག་གི་ན་ཚ་ཅན་ཞིག་ཡིན་ཚེ།ཕྱིས་སུ་སླེབས་པའི་ནད་པ་དེ་ལ་དེ་གཉིས་ཀྱི་ཁྲག་འདྲེས་པའི་དབང་གིས་འགོ་བ་ནི་གདོན་མི་ཟ་བས།དེ་ནི་མི་འདོད་ས་ནས་བྱུང་བའི་ཆག་སྒོ་ཚབས་ཆེན་ཞིག་མ་ཡིན་ནམ།དེ་བས་རྒྱ་ཆེ་བའི་བོད་རོང་འབྲོག་མི་མང་གིས་སེམས་ལ་འཛིན་རྒྱུ་ཞིག་མཆིས་པ་ནི།རང་ཉིད་ལ་ཨེ་ཙི་དང་རེག་དུག་སོགས་འགོས་ནད་གདུག་པ་ཅན་མི་འབྱུང་བའི་ཆེད་དུ།དུས་ད་ལྟ་ནས་བཟུང་སྟེ་སོ་འབལ་དགོས་པ་བྱུང་ཚེ་རྫོང་དང་ཁུལ་སོགས་ཀྱི་རྒྱལ་ཁབ་ཀྱི་ཚད་ལྡན་སྨན་ཁང་དུ་འགྲོ་བ་ལས།སྨན་པ་མ་ཡིན་པའི་སོ་འབལ་ཚོའི་གམ་དུ་མི་འགྲོ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།

བཅུ་གསུམ། མཚན་མའི་འགོས་ནད་གཞན་ཡང་ཨེ་ཙི་དང་རེག་དུག་སྔོན་འགོག་གི་ཆེད་སྔ་མོ་ནས་གསོ་བཅོས་བྱ་དགོས།

དེ་ཡང་སྤྱིར་བཏང་གི་གྲང་གཞིའི་ནད་གཅིན་ལམ་གཉན་ཚད་དང་།རྩེ་རྣོ་རླན་འཛེར།སྐྱེ་འཕེལ་དབང་བོའི་ཆུ་འབྲུམ།བུད་མེད་ཀྱི་མངལ་སྐེ་འབྲུམ་རྡོལ་སོགས་ཡོད་ན་ཡང་།དེ་ལ་དུས་ལྟར་ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་ངོས་འཛིན་ཡང་དག་སྒོས་གསོ་བཅོས་གནད་ལ་འཁེལ་བས་སངས་དྲགས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན།དེ་ལྟར་མིན་ཚེ་ནད་གཞི་དེ་དག་ཅན་ལ་ཡང་ནད་ངན་ཨེ་ཙི་དང་རེག་དུག་གཉིས་འགོ་བ་ཤིན་ཏུ་སླ་སྟེ།དཔེར་ན།བུད་མེད་མངལ་སྐེ་འབྲུམ་རྡོལ་ཅན་ཞིག་ལ་སྐྱེས་པ་ཨེ་ཙི་ཕོག་པ་ཞིག་གམ་ཡང་ན་རེག་དུག་འགོས་ཡོད་པ་ཞིག་གིས་འཁྲིག་པ་སྤྱད་ཚེ།ཨེ་ཙིའི་ནད་དུག་དང་རེག་དུག་གི་འབུ་ཕྲ་གཉིས་ཀྱིས་སྐྱེས་པའི་ཁུ་བའམ་ཡང་ན་རྣག་ཁྲག་ལས་ཕ་རོལ་བུད་མེད་དེའི་མངལ་སྐེའི་རྨ་ཁ་བརྒྱུད་དེ་ཁྲག་ཏུ་འཐིམ་ནས་འགོ་བ་རེད།དེ་ལྟར་ཨེ་ཙིའི་ནད་དུག་དང་རེག་དུག་གི་འབུ་ཕྲ་གཉིས་ཀ་གཙོ་བོ་ཁྲག་དང་ལུས་ཀྱི་རྨ་ཁ་བརྒྱུད་དེ་འགོ་བ་དང་།ནད་ངན་འདི་གཉིས་ཀར་མཚོན་ན་ཡང་འགོས་ལམ་གཙོ་བོ་འཁྲིག་སྤྱོད་ཡིན་པ་རེད།དེ་བས་ཕོ་མོ་སུ་ལ་མཚོན་ན་ཡང་མཚན་མའི་འགོས་ནད་གཞན་པ་དག་དུས་ལྟར་གསོ་བཅོས་བྱས་ནས་རྨ་འབྲུམ་དང་རྨ་ཁ་ཡོད་ན་སོས་སུ་འཇུག་རྒྱུ་ནི་གལ་མི་ཆེའམ།དེ་ལྟར་བྱས་པ་ཡིན་ན་མཚན་མའི་འགོས་རིམས་གདུག་པ་ཅན་ཨེ་ཙི་དང་རེག་དུག་གཉིས་ཀྱང་རང་རང་ལ་འགོ་བའི་ཉེན་པ་ཆེན་པོ་ཞིག་ལས་གཡོལ་ཐུབ་སོང་བ་མིན་ནམ།དེ་བས་ད་ནས་བཟུང་སྟེ་རང་རེ་རོང་འབྲོག་མི་མང་གི་ཁྲོད་དུ་གཅིན་ལམ་གཉན་ཚད་སོགས་མཚན་མའི་ན་ཚ་ལྡན་པའི་སྐྱེས་ཕོ་མོ་སུ་ཞིག་ཡོད་ན་ཡང་།ལྟས་ངན་རུམ་ལ་བཅུག་ན་རྔ་སྒྲོ་མཆན་ནས་འབུད་པའི་དཔེ་ལྟར་དུ།ན་ཚ་ཞིག་ཡིན་པ་བརྗེད་ནས་ངོ་ཚ་ཞིག་ལ་བརྩིས་ཏེ་རང་ཉིད་ཀྱི་བདེ་ཐང་ལ་གྱོང་གུད་རེག་ཏུ་མི་འཇུག་པར་དུས་ལྟར་དུ་སྨན་པ་ཉམས་མྱོང་ཅན་བསྟེན་ཏེ་གསོ་བཅོས་ཡང་དག་བྱ་རྒྱུར་སྙིང་ཐག་པ་ནས་རེ་བ་ཞུ།གཞན་ཡང་ནད་ཐོག་གི་སྨན་པ་རྣམས་ལ་མཚོན་ན་ཡང་།ནད་པ་རྣམས་ཀྱི་མཚན་མའི་འགོས་ནད་ངོས་འཛིན་བྱེད་པའི་སྐབས་སུ་རྩ་ལ་རེག་པ་ཙམ་གྱིས་ནད་པའི་ནད་རྟགས་རགས་རིམ་སྨྲས་པར་གཞི་བཅོལ་ཏེ།ནད་པས་མཁལ་མ་ཚང་ར་ན་གི་ཞེས་ན་སྨན་པས་ཀྱང་མཁལ་མ་ལ་སོགས་པའི་སྤྱི་སྨན་གཏོང་མཁན་ཤིན་ཏུ་མང་པས།དེ་ལ་ཕན་དཀའ་བའི་ཉེས་པ་འབྱུང་བ་མ་ཟད་ཉེན་ཁའང་ཆེ་སྟེ།མཁལ་མ་ཚང་ར་ན་གི་ཞེས་པའི་ནང་ན་མཚན་མའི་འགོས་ནད་སོགས་རྙོག་དྲ་ཅན་ཤིན་ཏུ་མང་བས།དེ་ལ་སྤྱི་སྨན་ཞིག་གིས་ཕན་སྲིད་དམ།ཡང་ཅིག་བཤད་ན་ཁྱེད་རང་ནད་པའི་ཁྲག་གཤེར་སོགས་ཕྲ་ཞིང་ཕྲ་བའི་བརྟག་དཔྱད་ལ་མ་བརྟེན་ན་གལ་ཏེ་ནད་པ་དེ་ལ་ཨེ་ཙི་དང་རེག་དུག་སོགས་ཀྱིས་གཙེས་པ་ཞིག་ཡིན་ན་ངོས་འཛིན་ཐུབ་བམ།དེ་ངོས་འཛིན་མ་ཐུབ་པར་སྨན་གང་འདོད་དུ་གཏོང་བ་དེ་ནི་འདྲེ་ཤར་སྒོར་བཞག་སྟེ་གླུད་ནུབ་སྒོར་འཕངས་པའི་དཔེ་རུ་སོང་བ་ཡིན་པས།ལྷ་རྗེ་རྣམ་པས་ཀྱང་མཚན་མའི་འགོས་ནད་ངོས་འཛིན་བྱེད་པའི་སྐབས་སུ།ཤ་ཚ་ཚ་དང་སྙིང་ཉེ་ཉེས་བལྟ་རེག་དྲི་གསུམ་གཞིར་བཞག་གི་སྟེང་ནས།ལྟོ་སྟོང་ལ་ནད་པར་ཁྲག་གཤེར་བྱེད་པ་སོགས་ལ་བརྟེན་ཏེ།མཚན་མའི་འགོས་ནད་ཕྲ་ཞིང་ཞིབ་པ་བྱེ་བྲག་གིས་གཏན་ལ་ཕབ་སྟེ།གསོ་བཅོས་ཡང་དག་གིས་ཉམ་ཐག་ནད་པ་རྣམས་ལ་ཕན་རེ་འདོགས་རྒྱུ་ཐུགས་འཇགས་འཚལ་ལོ།།

བཅུ་བཞི།   དུག་སྡོད་རྩར་རྒྱག་པ་ལས་ཨེ་ཙི་དང་རེག་དུག་འགོ་བར་འཛེམས་དགོས།

 སྤྱིར་ཡིན་ན་བོད་ཁུལ་དུ་ཉལ་ཐའམ་དུད་ནག་སོགས་འཐེན་པ་དང་ཁོང་དུ་བསྟེན་པ་སྡོད་རྩར་རྒྱག་པ་སོགས་ཀྱི་གནས་ཚུལ་ཤིན་ཏུ་ཉུང་མོད།ཡིན་ན་ཡང་།དེང་སྐབས་རོང་འབྲོག་ཐམས་ཅད་ཀྱི་འཚོ་བ་ཡར་རྒྱས་བྱུང་ཡོད་པས་སྒོར་མོའི་ཕྱོགས་ནས་ཆ་རྐྱེན་བཟང་བ་དང་།ཚོང་ལས་གཉེར་ནས་ཚོང་དཔོན་དུ་གྱུར་བའི་མི་མང་བ།ཁྱད་པར་དུ་འབྲོག་ཁུལ་མང་པོར་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་མོད་པས་ཁྱིམ་ལ་ལར་ལོ་རེར་སྒོར་ཁྲི་བརྒྱ་ཕྲག་ལྷག་གི་ཡོང་འབབ་ཡོད་པ།དེ་བས་ཁྱིམ་ཚང་ཕྱུག་པོ་རྣམས་ཀྱི་གསར་བུ་གསར་མོ་ཚོ་གཅེས་ལངས་སུ་ཤོར་ཏེ་ཁ་རྒྱལ་མགོ་རྒྱལ་གྱིས་ཆང་ཁང་དང་ཇ་ཁང་སོགས་ཉུལ་ནས་སྒོར་མོ་མང་པོ་ཕངས་མེད་དུ་བརླགས་ཏེ་ལྷ་ཀླུའི་ལོངས་སྤྱོད་ལྟ་བུར་རོལ་བའི་དུས་རབས་འདིར་མཚོན་ན།ཨ་ཁུ་འབྲོག་པར་སྒོར་མོ་ཡོད་ན་ཅི་ཡང་མི་ཟ་བ་མེད་ཅེས་པའི་ལུགས་སྲོལ་ལྟར།ཀླད་མེད་སྐོར་ཞིག་གིས་དུད་ནག་སོགས་དུག་རྫས་མི་བསྟེན་པའི་ངེས་པའང་ག་ལ་ཡོད།དུག་རྫས་ལའང་ཚང་མས་ཤེས་གསལ་ལྟར་དུ་རིགས་བདུན་ཙམ་ཡོད་དེ།

རྒྱ་མེན(罂栗)དང་།ཉལ་ཐའམ་དུད་ནག(鸦片)ཧེ་རོན།(海洛因)མགོ་གཡུག་རིལ་བུ།(摇头丸)མོར་ཧྥོལ།(吗啡)ཁོ་ཁ་དབྱིན།(可卡因)སོ་མ་ར་ཛྰ།(大麻)བཅས་ཡོད་པ་རེད།འདི་དག་བསྟེན་ཚེ་ལུས་སྲོག་རྨག་མེད་བྱེད་པ་སྨྲས་མ་དགོས་ལ།འདི་རུ་སྐབས་སུ་བབ་པ་ནི་གཙོ་བོ་སྡོད་རྩར་ཁབ་རྒྱག་པའི་ཧེ་རོན་སོགས་བཤད་པ་ཡིན་ཏེ།དེ་ནི་ཁབ་ཆས་ཀྱི་ཁབ་མགོ་ལ་དུག་སེལ་མི་བྱེད་པར་ཁབ་ཆས་གཅིག་གིས་མི་མང་པོར་དུག་སྡོད་རྩར་རྒྱག་པའི་གནས་ཚུལ་འབྱུང་སྲིད་པ་དང་།དེ་ལྟར་བྱས་ཚེ་མི་གཅིག་གི་ཁྲག་ཁབ་མགོ་བརྒྱུད་དེ་གཞན་པ་དེའི་རྩ་ལམ་ནས་དེའི་ཁྲག་དང་འདྲེ་ངེས་ལ།གལ་ཏེ་དེའི་ཁྲོད་ཀྱི་མི་སྔ་ཤོས་དེ་ལ་ཨེ་ཙི་དང་རེག་དུག་གང་རུང་ཞིག་ཡོད་པ་ཡིན་ན།གཞན་དག་ལ་ཡང་ཁྲག་ལམ་ནས་འགོ་སྲིད་པ་ཡིན་པས་དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་གནད་དོན་ཞིག་མིན་ནམ།དེ་ལྟར་དུག་གི་གནོད་པའི་སྟེང་ཨེ་ཙིའམ་རེག་དུག་སོགས་ནད་ངན་ཞིག་འགོས་པ་ཡིན་ན།མི་དེ་ལ་འཆི་ལམ་མ་གཏོགས་མེད་པས་སྤྱོད་སྟངས་ཐ་ཤལ་འདི་ལྟ་བུ་མི་འབྱུང་བར་སྔ་མོ་ནས་སེམས་ཆུང་དང་མཉམ་འཇོག་དོགས་ཟོན་བཅས་བྱ་རྒྱུ་བརྗེད་མི་ཉན་པར་འདུག་གོ།

བཅོ་ལྔ།  ཨེ་ཙི་དང་རེག་དུག་བསྒོ་མཁན་དེ་ཁྲིམས་གཏུགས་བྱས་ན་འོས།

སྤྱིར་བོད་མི་རྣམས་ནི་གཞུང་རྒྱུད་དྲང་ཞིང་ངང་རྒྱུད་འཇམ་པ་དང་།ངོ་ཚ་ཆེ་བ།བསམ་དཀར་དང་བརྩེ་སེམས་ལྡན་པ་ཞིག་ཡིན་པའི་སྟབས་ཀྱིས་མི་གཞན་ལ་བརྣབ་སེམས་དང་གནོད་སེམས་ཀྱིས་ངན་སྐྱེལ་བ་ཞིག་མིན་པ་དང་།རང་ཉིད་ལ་བཀྲ་མི་ཤིས་པའི་བྱ་བ་བྱུང་བ་དང་།ནད་ཚབས་ཆེན་ཕོག་པ།མི་ཤི་རྟ་འགྱེལ།གསོད་འཕྲོག་བརྡུང་གསུམ་སོགས་གཞན་རྐྱེན་གྱི་ཆག་འཇིག་ཅི་བྱུང་ཡང་སྔོན་བསགས་ཀྱི་ལས་དབང་ཡིན་པར་སེམས་པ་རེད།ཡིན་ན་ཡང་།ང་རང་གི་བསམ་ཚུལ་ལ་སྐྱེས་པ་ཞིག་གིས་བུད་མེད་ཅིག་ལ་ཨེ་ཙིའམ་ཡང་ན་རེག་དུག་བསྒོས་པ་ཡིན་ན་འདྲ།བུད་མེད་ཅིག་གིས་སྐྱེས་པ་ཞིག་ལ་བསྒོས་པ་ཡིན་ན་འདྲ།དེ་ཡང་ལས་དབང་རེད་ཅེས་རང་ཉིད་ཀྱི་ཚེ་སྲོག་ཤོར་འགྲོ་ཡང་བསྒོ་མཁན་དེ་བཏང་སྙོམས་སུ་བསྐྱུར་ན་མི་འགྲིག་པར་སེམས།བསམ་བློ་ཞིབ་ཏུ་ཐོངས་དང་།འདི་ལྟ་བུའི་གནོད་པ་ཆེན་པོ་ཞིག་སྐྱེལ་རྒྱུ་གང་ན་ཡོད་དམ།འདི་ལྟ་བུའི་ཆག་སྒོ་ངན་པ་ཞིག་ཐེབས་རྒྱུ་ག་རུ་མཆིས་སམ།གལ་ཏེ་བུ་མོ་ཆུང་ཆུང་གཉེན་སྒྲིག་མེད་པ་ཞིག་ལ་སྐྱེས་པ་ཞིག་གིས་ཨེ་ཙི་བསྒོས་པ་ཡིན་ན།བུ་མོ་དེའི་མི་ཚེ་གང་པོ་བརླགས་སོང་བ་མིན་ནམ།ཨེ་ཙི་ཕོག་པ་ན་ཕལ་ཆེར་ལོ་བཞི་ནས་བརྒྱད་ཙམ་ལ་མ་གཏོགས་གསོན་མི་ཐུབ་པས།དོན་དུ་སྐྱེས་པ་དེས་བུ་མོ་དེ་བསད་པ་རེད།དེ་གསོད་པའི་ལག་དམར་རེད།དེས་ན་ཕ་མ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཤ་ལས་ཆད་པའི་གཅེས་ཕྲུག་མ།བུ་མོ་མེ་ཏོག་ལྟ་བུ་དེ་ཨེ་ཙིས་ཤི་ཡང་།དེའང་ལས་དབང་རེད་ཅེས་ཨེ་ཙི་བསྒོ་མཁན་གྱི་སྐྱེས་པ་ལག་དམར་མི་གསོད་དེ་རང་དགར་འཇོག་རྒྱུ་ཡིན་ནམ།དེ་ལ་སྙིང་མི་ནའམ།དེ་བས་དེ་རང་ཁྲིམས་གཏུགས་བྱས་ན་འགྲིག་པ་རེད།ཁྲིམས་ལྕི་མོ་ཅི་ཞིག་ཁོ་རང་ལ་ཕོག་ཀྱང་སྡུག་གྱོང་རེད།ཁོ་རང་བུ་མོ་དེ་གསོད་མཁན་གྱི་ཉེས་ཅན་ཡིན་པས་རང་ཉོས་རྡོ་ལོག་རེད།ད་དུང་སྨན་ཁང་དུ་སོང་བའི་འགྲོ་གྲོན་སོགས་དཔལ་འབྱོར་གྱི་སྐྱིན་ཚབ་སྤྲད་དགོས་པ་མ་ཟད།མི་གསོད་ལག་དམར་ཡིན་པའི་སྟབས་ཀྱིས་མི་སྟོང་གཤིན་སྟོང་ཡང་འབོར་ཆེན་བླངས་ན་འོས་པར་འདུག་སྙམ།བུ་མོ་ཚོ་མ་འཐད་པར་སྐྱེས་པས་བཙན་གཡེམ་བྱས་པ་ཡང་ཁྲིམས་གཏུགས་བྱས་ཚེ་སྐྱེས་པ་དེ་བཙོན་འཇུག་ལོ་ངོ་གཉིས་གསུམ་ཙམ་ལ་བྱེད་པ་མ་ཡིན་ནམ།དེ་ནི་བཙན་གཡེམ་བྱས་པ་ལས་བསད་པ་མ་རེད་ཡ།བུ་མོ་དེ་དེ་ནས་བཟུང་གཉེན་སྒྲིག་མི་ཆོག་པ་དང་ལོ་ངོ་དུ་མའི་རྗེས་སུ་ཤི་འགྲོ་བའི་བྱ་བ་ཞིག་སྒྲུབ་པ་མ་རེད་ཡ།དེས་ན་འདི་ལྟ་བུ་ལ་ཡང་ཁྲིམས་ཆད་གཅོད་པས་ན།ཨེ་ཙི་བསྒོས་ནས་མི་གསོད་པ་ལ་ཅིའི་ཕྱིར་ཁྲིམས་ལྕི་མོ་མེད་དམ།དེ་བས་འདི་ལྟ་བུའི་གནས་ཚུལ་བྱུང་ཚེ་ནད་བསྒོ་མཁན་དེ་ཁྲིམས་གཏུགས་བྱས་ན་འོས་པར་འདུག་པ་རེད།གནས་ཚུལ་འདི་ལྟ་བུ་བྱུང་ཚེ་བུ་མོ་རྣམས་ཀྱིས་ཀྱང་རང་གི་ཕ་མ་དང་མི་བདག་ལ་ཨེ་ཙི་བསྒོ་མཁན་སུ་ཡིན་པ་སྦ་གསང་མེད་པར་བཤད་དགོས་པ་ལས།ངོ་ཚ་ཞིག་ཏུ་བརྩིས་ཏེ་ལྟས་ངན་རང་གསང་བྱས་ན་ནོར་འཁྲུལ་རེད།མི་ངན་དེས་ནད་ངན་དེ་ཁྱོད་ལ་བསྒོས་ནས་མི་རིང་བར་ཁྱེད་ཀྱི་ཚེ་སྲོག་རྟ་རྔ་འདྲ་བོ་ཡང་འཆད་རྒྱུ་རེད་ཡ།ཁྱེད་ཀྱིས་ད་དུང་དེ་ངོ་ཚར་བསམ་ནས་གསང་རྒྱུ་ཡིན་ནམ།གནས་སྐབས་འདི་འདྲར་འཕྲད་ཀྱང་དོན་དངོས་བཤད་རྒྱུར་ངོ་ཚ་བ་ནི་དོན་དུ་ངོ་ཚ་མ་ཡིན་པར་བླུན་རྟགས་རེད་ཡ།དེ་བས་སྐྱེས་པ་རྣམས་ཀྱིས་ཀྱང་དུས་ད་ལྟ་ནས་བཟུང་རང་ཉིད་ལ་ཨེ་ཙི་མེད་པ་ཁྲག་བཤེར་བྱས་ཡོད་པ་མིན་ན།རང་དགར་དུ་བུད་མེད་རྣམས་ལ་ལུས་འབྲེལ་མ་བྱས་ན་འགྲིག་ཚོད་རེད།དེ་བཞིན་དུ་སྐྱེས་པ་ཞིག་གིས་བུ་མོ་ཆུང་ཆུང་གཉེན་སྒྲིག་མེད་པ་ཞིག་ལ་རེག་དུག་བསྒོས་པ་ཡིན་ན།

རེག་དུག་དེ་སངས་དྲག་འགྲོ་བའི་བར་དུ་ཁོ་རང་ལ་སྨན་ཁང་དུ་སོང་བའི་སྨན་རིན་དང་།འབྲེལ་ཡོད་ཀྱི་དཔལ་འབྱོར་འགྲོ་གྲོན་བཅས་འཁུར་དུ་བཅུག་ན་འགྲིག་པོ་འདུག་སྙམ།དེ་ལྟར་སྐྱེས་པ་ཞིག་གི་ཆུང་མ་ལ་སྐྱེས་པ་གཞན་གྱིས་ཨེ་ཙིའམ་རེག་དུག་བསྒོས་པ་ཡིན་ན་འདྲ།དེ་སོགས་ཀྱང་གོང་གི་དཔེར་བརྗོད་དེར་རིགས་བསྒྲེ་བར་བྱ།འདི་ནི་ང་རང་གི་བསམ་ཚུལ་ཡིན་པས་འགྲིག་མིན་ཀློག་པ་པོ་རྣམ་པས་ཐག་གཅོད་བྱེད་རོགས་ཞུ།བདེན་ན་དེ་ལུགས་ལྟར་སྒྲུབ་རོགས་དང་།མི་འཐད་ན་མཆིལ་ཞགས་ལྟར་དོར་ཡང་རུང་ངོ་།།

མཇུག་བསྡུ་བ།

འགོས་རིམས་སྔོན་འགོག་གི་དྲིལ་བསྒྲགས་ཀྱི་ཕྱོགས་ནས་ཏང་དང་རྒྱལ་ཁབ་ཀྱིས་གཙིགས་ཆེན་མཛད་ཀྱིན་ཡོད་པས།ས་གནས་སྲིད་གཞུང་དང་ཁྱད་པར་དུ་རྫོང་རིམ་པའི་ནད་རིམས་ཚོད་འཛིན་ལྟེ་གནས།ད་དུང་ཞང་འཕྲོད་བསྟེན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་ལོ་རེ་རེ་བཞིན་བྱ་བ་སྒྲུབ་ཀྱིན་ཡོད་མོད།ཡིན་ན་ཡང་བོད་པ་ཚོ་རི་ལུང་ཁུག་ཀྱོག་ཏུ་གནས་པས་འགྲིམ་འགྲུལ་སྟབས་མི་བདེ་བས་དེ་རུ་སྨན་པ་འགྲོ་མི་ཐུབ་ས་མང་བ་དང་།སྨན་པ་ལ་ལས་བོད་སྐད་མི་ཤེས་པ་དང་ས་གནས་མི་མང་གིས་རྒྱ་སྐད་མི་གོ་བ་སོགས་ཀྱིས་ཕན་ཚུན་བར་བརྡ་མི་འཕྲོད་པའི་དཀའ་ཁག་ཀྱང་ཧ་ཅང་ཆེ།ཡང་བོད་པ་སྐོར་ཞིག་གིས་སྐད་གོ་ནའང་འདི་འདྲའི་འགོས་ནད་ལ་ཆ་རྒྱུས་མེད་པའི་དབང་གིས་དྲིལ་བསྒྲགས་དེ་ལ་སྣང་ཆུང་དང་འཕྱ་སྨོད་ཀྱིས་རྣ་རྒྱབ་ཀྱི་རླུང་བུར་འཛིན་པའི་རྨོངས་རྟུལ་ཅན་ཡང་ཤིན་ཏུ་མང་བས་ན།འགོས་ནད་སྔོན་འགོག་གི་ཐད་ནས་དེ་འདྲའི་བློ་ཡིད་ཚིམས་པ་ཞིག་འབྱུང་བཞིན་མེད་པའི་གནས་ཚུལ་ལ་གཞིགས་ཏེ་ཁོ་བོས་འདི་རུ་འདི་ལྟར་ནད་ངན་གདུག་པ་ཅན་ཨེ་ཙི་དང་རེག་དུག་སོགས་ཅི་ལྟར་སྔོན་འགོག་བྱེད་པ་དང་།དེ་ལ་ཐབས་ཤེས་གང་དག་སྤྱོད་དགོས་པ།བསམ་བློ་གང་འདྲ་གཏོང་དགོས་ཚུལ།བཅོས་བསྒྱུར་གང་འདྲ་བྱེད་དགོས་པ།མཉམ་འཇོག་ཅི་ལྟར་བྱ་དགོས་ཚུལ།བསླབ་བྱ་མང་པོ་གནང་དགོས་པ།བྱ་བ་ནན་ཏན་སྒྲུབ་དགོས་ཚུལ་སོགས་རང་གི་སེམས་ལ་དྲན་ཐུབ་ཐུབ་ཅིག་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བ་འདིས་ཀྱང་།རང་རེ་ཁ་བ་རི་བའི་ལྗོངས་ཀྱི་ཕུ་ནུ་མིང་སྲིང་རྣམ་པ་དུས་གཏན་དུ་ཨེ་ཙི་དང་རེག་དུག་སོགས་འགོས་ནད་ངན་པའི་ཉེར་འཚེ་དང་བྲལ་ནས།ལུས་ལ་ནད་མེད་པར་བདེ་ཐང་འབྱུང་བ་དང་།སེམས་ན་སྡུག་མེད་པར་བདེ་སྐྱིད་དང་ལྡན་པར་ཆོས་དང་ནོར་དང་བདེ་བ་སྒྲུབ་པ་ལ་གཞོལ་རྒྱུར་སྨོན་པ་དང་ཆབས་ཅིག་མདོ་དབུས་ཁམས་གསུམ་གྱི་གསོ་རིག་ཆེད་མཁས་པ།དགེ་རྒན་ཆེན་མོ།སྨན་པ་གྲགས་ཅན།ཞིབ་འཇུག་པ།བླ་མ་དགེ་བཤེས།བོན་སྔགས་བཙུན་གསུམ།བསམ་བློ་བ།དང་བླངས་པ།འཕྲོད་བསྟེན་ཅུའུ་ཀྲང་།སྨན་ཁང་འགོ་ཁྲིད།ས་གནས་རྫོང་དཔོན།ལྷག་བསམ་ཅན་སོགས་ཀྱིས་ཀྱང་རང་རེ་བོད་ཁུལ་དུ་ཨེ་ཙི་དང་རེག་དུག་ཅི་ལྟར་སྔོན་འགོག་བྱེད་པའི་སྐོར་ལ་བསམ་བློ་མང་པོ་གཏོང་བ་དང་།བྱ་བ་ནན་མོ་སྒྲུབ་རྒྱུ་ནི་ཁོ་བོའི་སྙིང་གི་རེ་བ་ཉག་གཅིག་གོ།བཀའ་དྲིན་ཆེ།གུས་འདུད་ཞུ།

  ཨེ་ཙིའི་ནད།

 ཨེ་ཙི་ནི་སྤྱི་ལོ1981ལོར་ངོས་འཛིན་བྱས་པའི་མཚན་མའི་འགོས་ནད་གསར་བ(STD)ཡིན་པ་རེད།ཨེ་ཙིའི་མིང་ཧྲིལ་པོར་ཐོབ་པ་ཅན་གྱི་རིམས་ནད་འགོག་ཤུགས་ཞན་པའི་ཕྱོགས་བསྡུས་ནད(AIDS)ལ་ཟེར།ནད་གཞི་ནི་མིའི་རིགས་ཀྱི་རིམས་ནད་འགོག་ནུས་ཉམས་པའི་ནད་དུག(HIV)ཡིན་པ་རེད།ཨེ་ཙིའི་ནད་དུག་ནི་ཨེ་ཙི་ཅན་གྱི་ནད་པའི་ལུས་ཀྱི་ཁྲག་དང་ཆུ་སེར།ཁུ་བ།མོ་མཚན་ནང་ངོས་ཀྱི་ཟགས་རྫས།ནུ་ཞོ་བཅས་སུ་གནས་ཡོད་ཕྱིར་དེ་དག་བརྒྱུད་ནས་འགོས་ཚད་ཧ་ཅང་མཐོ་བ་རེད།

དང་པོ། ཨེི་ཙིའི་འགོ་རྐྱེན་གསུམ།

ཀ  འཁྲིག་སྦྱོར་གྱི་སྤྱོད་ལམ་བརྒྱུད་ནས་འགོ་བ་སྟེ།ཨེ་ཙིའི་ནད་པ་དང་ནད་མེད་ཀྱི་བར་ཕན་ཚུན་ཆགས་པ་སྤྱད་པས་འགོ་བ་ཡིན་ལ།དེ་ཡང་རིམས་འགོག་འགྱིག་ཤུབས་མི་སྤྱོད་པ་དང་དོགས་ཟོན་ཅི་ཡང་མེད་པར་མི་རྒྱུས་མེད་ལ་གང་བྱུང་དུ་ཉལ་བོ་སྤྱོད་པ་དང་།འཁྲིག་སྤྱོད་བྱ་ཡུལ་ལ་གཏན་འཁེལ་མེད་པར་མང་བ་དང་།གཞན་དུ་མཚན་མཐུན་ཆགས་སྤྱོད་དེ་ཕོས་ཕོ་དང་མོས་མོ་ལ་སྤྱོད་པ་བཅས་སོ།།

ཁ  ཟུངས་ཁྲག་བརྒྱུད་དེ་འགོ་བ་སྟེ།ཚད་ལྡན་སྨན་ཁང་གི་མ་ཡིན་པའི་ཨེ་ཙི་ཅན་གྱི་ཁྲག་ཨེ་ཙིའི་ནད་དུག་མེད་པའི་མི་ལ་རྒྱག་པ།ཐུན་མོང་དུ་དུག་སེལ་མ་བྱས་པའི་སྨན་ཁབ་རྒྱག་བྱེད་ཀྱི་སྦུ་གུ་དང་ཁབ་མགོ་སྤྱད་ནས་དུ་ནག་འཐེན་པའམ་ཡང་ན་དེ་དག་གིས་སྨན་ཁབ་རྒྱག་པ་སོགས་སོ།།

ག   མ་བུ་བརྒྱུད་དེ་འགོ་བ་སྟེ།ཨེ་ཙི་ཅན་གྱི་བུད་མེད་ཀྱིས་མངལ་སྦྲུམ་པ་དང་ཕྲུ་གུ་བཙའ་བ།ནུ་ཞོ་ལྡུད་པ་སོགས་ཀྱིས་ཀྱང་ཨེ་ཙིའི་ནད་དུག་འགོ་སྲིད།

ང   བརྒྱུད་ལམ་གཞན་ལས་འགོ་བ་སྟེ།ཨེ་ཙིའི་ནད་པར་བཀོལ་མྱོང་བའི་ཆ་བྱད་ལ་དུག་སེལ་མ་བྱས་པར་སྐྲ་དང་ཁ་སྤུ་བཞར་བ།ལུས་ལ་རི་མོ་བརྐོ་བ།གདོང་གི་རྣམ་པ་མཛེས་བཟོ་བྱེད་པ།རྣ་ཕུག་པ།སོ་འབལ་བ།སྐམ་ཁབ་བམ་དངུལ་ཁབ་གདབ་པ།ཁྲག་གཏར་བ།རྐང་པ་དང་ལག་པའི་སེན་མོ་འབྲེག་པ།སོ་འཁྲུད་བྱེད་སྤྱོད་པ།དེ་མིན་ཨེ་ཙི་ནད་པས་རྒྱག་རེས་བྱས་པ་སོགས་ཀྱི་རྐྱེན་གྱིས་རྨས་སྐྱོན་ཐེབས་པའི་རྨ་ཁའི་ཁྲག་རྣག་སོགས་རང་གི་ལུས་ཀྱི་རྨ་ཁར་སིམ་པ་སོགས་སོ།།

གཉིས་པ།  ཨེ་ཙིའི་ནད་རྟགས།

ཨེ་ཙིའི་ནད་བྱུང་མ་ཐག་ཏུ་ནད་རྟགས་གསལ་བོ་མེད་པ་དང་།མི་རེ་འགར་ནད་དུག་འགོས་རྗེས་ཀྱི་གཟའ་འཁོར1-6ཙམ་གྱི་ནང་དུ་ལུས་ལ་ཚ་བ་རྒྱས་པ་དང་།ལུས་སྟོབས་ཉམས་དམས་སུ་འགྲོ་བ།ལུས་ཀྱི་ཤ་གནད་ན་བ།སྐྱུགས་དངངས་བྱེད་པ།ཁོག་པ་བཤལ་བ།སྐེ་མཇིང་དང་མཆན་ཁུང་སོགས་ཀྱི་རྨེན་བུ་རྒྱས་པ།ད་དུང་ཆམ་རིམས་བྱུང་བ་སོགས་ཀྱི་ནད་རྟགས་ཀྱང་སྟོན་པར་བྱེད།ཡང་ནད་པ་འགའ་ཤས་ཀྱི་ལུས་ལ་པགས་འབྲུམ་འབྱུང་།ནད་རྟགས་དེ་རིགས་བྱུང་ནས་གཟའ་འཁོར1-4ནང་དུ་རང་བཞིན་གྱིས་མེད་པར་འགྱུར་བ་རེད།དེ་ལྟར་སྤྱིར་བཏང་སྨན་བཅོས་མ་བྱས་པའི་ནད་པར་ལོ2-10ཙམ་འགོར་བ་ན་ད་གཟོད་ནད་རྟགས་འབྱུང་བ་ཡིན།ནད་པར་རྒྱུ་མཚན་གསལ་བོ་མི་ཤེས་པའི་རྒྱུན་ལྡན་མིན་པའི་ཚ་བ་རྒྱས་པ་དང་།ཁོག་པ་བཤལ་བ།ལུས་ཕུང་རིད་པ།སྐེ་མཇིང་དང་མཆན་ཁུང་གི་རྨེན་བུ་སྐྲངས་པ།སྔར་ཡོད་ཀྱི་ནད་རོ་ལྡང་།ལུས་སྟོབས་སྔར་ལས་ཉམས་ཞན་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང་ཞིང་།མཇུག་མཐར་གཉན་སྐྲན་དང་འགོ་ནད་གཞན་སོགས་ཀྱང་ལྡང་བས་འཆི་བར་བྱེད་པ་ཡིན།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་ཆོས་སྐྱོང་རྒྱལ།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-11-29 ལྟ་ཀློག (6752)