༄༅།། ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་སྐྱེ་དགུ་ཀུན་ཁྱབ་མ་ཞེས་བྱ་བ་བཞུགས་སོ། །

མཛད་པ་བོ། ལྷ་རམས་པ་ལྷོ་བ་བློ་བཟང་འབྲུག་གྲགས།
ༀ་བདེ་ལེགས་སུ་གྱུར་ཅིག །
སྐྱེ་དགུ་ཀུན་ཁྱབ་བརྩེ་བའི་ཟླ་གཞོན་འཛུམ།།
ཤེས་བྱ་ཀུན་ཁྱབ་མཁྱེན་པའི་དཀྱིལ་འཁོར་རྒྱས།།
རིགས་ལམ་ཀུན་བྱང་རིགས་པའི་ཁ་ལོ་བ།།
རིག་པ་དོན་གཉེར་བདག་ལ་རིག་འཕྲུལ་སྩོལ།།
སྒྲ་རླབས་ཚངས་ཆེན་འདུན་པའི་གཡོས་སྦྱོར་ལས།།
མཚོ་བྱུང་སྒྲ་དབྱངས་ལྷ་མོའི་མཚན་དཔེའི་དཔལ།།
རབ་བཞད་རང་འགུལ་ཡིད་ལྷུང་སྒེག་པའི་ཉམས།།
མིག་གི་ཟས་སུ་འགྲན་པའི་ཟླ་བོ་མེད།།
སྐྱེས་ཐོབ་མཛེས་དགུའི་བཀོད་པ་སྐུ་ལ་དཔར།།
རྣ་སྙན་ཡིད་འབབ་དྲུག་ཅུའི་ཆོས་དབྱངས་ལྡིར།།
དབྱིངས་རིག་མཉམ་སྦྱོར་སྒྱུ་མའི་གར་ལ་གཟིགས།།
རིགས་དྲུག་འགྲོ་ལ་ཕན་བདེའི་དངོས་པོ་འཇོ།།
དཀར་འཇམ་བཞིན་ལ་སྨིན་མའི་མཉེན་ཆ་ལྡེམ།།
སྤྱན་གྱི་བུང་བ་དགའ་བའི་པད་མཚོར་རྒྱུ།།
ཙོག་པུའི་སྟངས་སྟབས་འགུག་པའི་ཁབ་ལེན་རྡོས།།
དྲན་དབང་བྱེ་བའི་སེམས་ཀྱི་ལྕགས་ཕྱེ་འདྲེན།།
རབ་འབྱམས་རིག་འཕྲུལ་བྱེ་བའི་ཞལ་ཁ་འབུས།།
སྙན་དགུར་ངག་རིག་འདོད་འཇོའི་བུམ་པ་བཟང་།།
སྒྲ་སྦྱོར་ལེགས་བཤད་སྙན་ཆའི་རོ་འདོན་མ།།
ཕྱི་ནང་རབ་འབྱམས་རིག་པའི་མཁྱེན་རྩལ་རྫོགས།།
བྱས་པ་ཅན་གྱི་དངོས་ལ་མ་རེག་པར།།
རང་སྣང་རིག་ཀློང་ཟབ་ཞི་སྤྲོས་པ་བྲལ།།
མ་མཐོང་མཐོང་བ་དམ་པ་དེ་ཡི་ངང་།།
ད་དུང་ཇི་སྙེད་རིག་དང་བྱམས་བརྩེའི་གཏེར།།
འགག་མེད་རང་བྱུང་ལྷུན་གྲུབ་ཐང་མར་བརྡལ།།
ཨེ་མ་ངོ་མཚར་རྨད་བྱུང་གསང་གསུམ་མཛོད།།
བསྟོད་པའི་སྒྲ་སྦྱོར་འཁོས་ཆུང་ཉམ་ང་ཡང་།།
རང་ཆས་ཤུགས་འབྱུང་དད་པས་བསྐུལ་ནས་ཐལ།།
དད་གསུམ་སྙིམ་པའི་སོར་འདབ་ཟུམ་པའི་ཕུག།
དྲི་མེད་བློ་ཡི་ཤེལ་དཀར་བུམ་པའི་ལྟོ།།
ངག་རིག་སྒྲ་སྦྱོར་གཏམ་ཚོགས་བདུད་རྩིའི་བཅུད།
མ་ལུས་བུམ་པ་གང་བྱོའི་མཆོག་སྦྱིན་ཞུ།།
འབུམ་ཕྲག་གཞུང་ལུགས་པད་དཀར་འདབ་མའི་སྦུབས།།
སྙིང་པོ་དོན་གྱི་སྦྲང་རྩི་ལེན་པ་ལ།།
ལག་ལེན་སྦྱོར་བའི་གནས་ཀུན་དབང་འབྱོར་བའི།།
ལྷུན་གྲུབ་རིག་པའི་སྣང་གཏེར་རྒྱས་པར་མཛོད།།
མ་རུང་རེངས་པའི་ཡིད་ཀྱི་གླང་བཏུལ་ནས།།
འཇམ་མཉེན་འཁོས་སུ་ཕབ་པའི་ཞི་དུལ་དཔྱིད།།
དམར་ཆུང་སྙིང་དབུས་མི་ཤིགས་ཐིག་ལེའི་ཟུངས།།
གཏམས་པའི་བུམ་བཟང་འཛིན་པར་བྱིན་གྱིས་རློབས།།
ཚེ་རབས་ཕྲེང་བ་མགྲིན་པའི་གཞལ་མེད་ཁང་།།
བག་ཡངས་འཁོས་སུ་ཕབ་པའི་ཚངས་སྲས་ཀྱེ།།
རེ་ས་གཞན་ན་མེད་དོ་སྐྱབས་གཅིག་མ།
རིག་པས་རང་རྒྱུད་འདུལ་བར་བྱིན་གྱིས་རློབས། །
ཞེས་བྱ་བ་འདི་ནི་རྭ་སྒྲེང་གཉིས་པ་བཀའ་གདམས་བསྟན་པའི་གདན་ས་ཆེན་པོ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་དུ། བོད་ཁ་བ་ཅན་གྱི་རྒྱན་དུ་གྱུར་པ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་༧ལྡོང་ཡོན་ཏན་རྒྱ་མཚོའི་དྲུང་ནས་དབྱངས་ཅན་སྒྲ་མདོ་དང་སྒྲ་ཊིཀ་ལ་འཆད་ཉན་བགྱིས་པའི་སྐབས་སུ་རང་རྒྱུད་ལ་ལྷག་པའི་ལྷ་མོ་དབྱངས་ཅན་མའི་བྱིན་རླབས་མྱུར་དུ་འཇུག་པའི་ཆེད་དུ། དགེ་བཤེས་ལྷ་རམས་པ་ལྷོ་བ་བློ་བཟང་འབྲུག་གྲགས་ཀྱིས་བྲིས་པ་དགེ་ལེགས་འཕེལ།།
|