གསེར་ཆེན་གསོལ་ཞིང་ཐོན་མིའི་སློབ་གསོ་དར་བའི་འཕྲིན་བཅོལ་བྱས།


གསེར་ཆེན་གསོལ་ཞིང་ཐོན་མིའི་སློབ་གསོ་དར་བའི་འཕྲིན་བཅོལ་བྱས།

   དེ་རིང་སྟེ་སྤྱི་ལོ༢༠༡༦ལོའི་ཟླ༡༠ཚེས༡༠ཉིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་མཐར་ཕྱིན་པའི་གསེར་ཆེན་རྫོང་ཁོངས་ཀྱི་སློབ་མ་རྣམས་ཀྱིས་གསེར་ཆེན་རི་བོའི་རྩེ་རུ་བསང་མཆོད་ཕུལ་ཏེ་ཐོན་མིའི་སློབ་གསོ་དར་ཞིང་རྒྱས་པའི་འཕྲིན་བཅོལ་བྱས། ཟླ༡༠ཚེས༡༠ཉིན་གྱི་ཞོགས་པའི་དུས་ཚོད་དགུའི་སྟེང་མཐར་ཕྱིན་སློབ་མ་ཀ་རིང་སྤྲུལ་བའི་སྐུ་དང་།  སྤྲེལ་ཉི་མ་རྒྱལ་མཚན། རྟ་ནག་བཟོད་པ་གཙོས་མཐར་ཕྱིན་སློབ་མ་བཅུ་ལྷག་གསེར་ཆེན་ལྷུན་པོའི་ཉེ་འདབས་སུ་ལྷན་གཅིག་ཏུ་འཛོམས། སྤྱིར་ན་གསེར་ཆེན་རྫོང་ཁོངས་སུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་སློབ་མཐར་ཕྱིན་པའི་སློབ་མའི་གྲངས་སུམ་ཅུ་ལས་བརྒལ་མོད། ཐེངས་འདིར་རྒྱུ་རྐྱེན་དུ་མའི་དབང་གིས་སློབ་མ་ཚང་མ་ཡོང་ཐུབ་མི་འདུག  དུས་ཡུན་ཆུ་ཚོད་གཅིག་རིང་རྐང་བགྲོད་བྱས་མཐར་གཞི་ནས་རི་རྩེར་བསླེབས། གསེར་ཆེན་ལྷུན་པོ་ལ་ཡོངས་གྲགས་སུ་བློན་པོ་གསེར་ཆེན་དུ་འབོད་ལ། མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འདབས་སུ་ཡོད། ངག་རྒྱུན་དུ་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་མཆོག་རྒྱལ་བོའི་ཁྲིམས་ལ་ཐོགས་ནས་རྒྱང་འཕུད་བཏང་བས། བློན་པོ་མཆོག་མདོ་སྨད་ཀྱི་གནས་འདིར་ཕེབས་སྐབས་སྙུན་གཞི་དྲག་པོས་མ་བཏང་བར་ཚེ་ལས་འདས་པ་གནས་འདིའི་གནས་བདག་ཏུ་གྱུར་སོང་སྐད། མཐར་ཕྱིན་སློབ་མ་རྣམས་ཀྱིས་རི་རྩེེར་བསང་མཆོད་ཕུལ་ཞིང་དར་ལྕོག་འཐེན། རླུང་རྟ་སྤུར་ནས་བོད་ཀྱི་ཆོས་སྲིད་སྤྱི་དང་བྱེ་བྲག་ཏུ་ཐོན་མིའི་སློབ་གསོ་དར་ཞིང་རྒྱས་པའི་འཕྲིན་བཅོལ་བྱས་པ་དང་། དགེ་འདུན་པ་དག་གིས་གསེར་ཆེན་གསོལ་མཆོད་གཙོས་དཀར་སྐྱོང་ཡུལ་ལྷ་དག་གི་གསོལ་མཆོད་གསུངས་ཤིང་། དཔང་བསྟོད་མཛད། ཐེངས་འདིའི་གསེར་ཆེན་གསོལ་མཆོད་གྱི་འགོ་འཛིན་པ་རྟ་ནག་བཟོད་པས་བཤད་རྒྱུར། བློན་པོ་གསེར་ཆེན་གྱི་གནས་བདག་ནི་མགར་སྟོང་བཙན་ཡིན་པའི་ངག་རྒྱུན་དང་བསྟུན་ནས་ཆེད་དུ་གནས་རི་འདི་ལ་བསང་མཆོད་བྱེད་དུ་ཡོང་བ་ཡིན། རྒྱུ་མཚན་ནི་མགར་སྟོང་བཙན་དང་ཐོན་མི་སམ་བྷོ་ཊ་གཉིས་རྒྱལ་བོའི་བློན་པོ་ཡིན་སྟབས།  ང་ཚོས་མགར་སྟོང་བཙན་ལ་མཆོད་པ་ཡིན་ན་ཐོན་མིའི་སློབ་གསོ་ཡང་དར་རྒྱུ་རེད་སྙམ་པའི་དབང་གིས་ཆེད་དུ་དེ་རིང་འདི་ལ་བསང་གསོལ་གཏང་བར་ཡོང་བ་ཡིན། ཞེས་བཤད་སོང་། བསང་མཆོད་གྲུབ་རྗེས་སློབ་མ་ཡོངས་མཉམ་པར་བླངས་ཤིང་། ལོ་རྗེས་མ་ཡང་འདི་ལས་ལྷག་པའི་གཞི་རྒྱ་ཆེ་བའི་མཉམ་འཛོམས་ཡོང་རྒྱུའི་གྲོས་ཆོད་དང་བཅས་རང་སར་གྲོལ། 

བློན་པོ་གསེར་ཆེན་འདབས་རོལ་ཏུ་སློབ་གྲོགས་རྣམས་མཉམ་དུ་འཛོམས་པ། 


གསོལ་མཆོད་ཞུ་བཞིན་པ། 


བསང་ཕུལ་ནས་རླུང་རྟ་བསྐྱོད་པ། 

འཕྲིན་གཏོང་བ་རྟ་ནག་ལུང་རིགས།


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-10-10 ལྟ་ཀློག (4861)