ཁྲི་ཀའི་ཡུལ་གྱི་སློབ་གྲོགས་མཉམ་འཛོམས་སྐབས་དང་བོ།
༢༠༡༦ལོའི་ཟླ༩བའི་ཚེས༡༨ཉིན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་མཐར་ཕྱིན་སློབ་མ་སྟེ་ཁྲི་ཀའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཐོག་ཏུ་གཞུང་སྒེར་སོ་སོའི་སློབ་གྲྭའི་ནང་ཕྱག་ལས་གནང་བཞིན་པའི་སློབ་གྲོགས་དང་།
སྤྱི་ཚོགས་ལས་རིགས་ཁག་ཏུ་སྨན་པ་དང་ལྷ་རིས་པ། ཚོང་བ་སོགས་ཀྱི་ཕྱག་ལས་འདྲ་མིན་གནང་བཞིན་པའི་སློབ་གྲོགས་རྣམས་མཉམ་འཛོམས་ཀྱིས་རང་རང་གི་སྐབས་དོན་ལས་རིགས་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་བ་དང་།
སྐབས་ལྔ་བའི་སློབ་མ་ལྷུན་གྲུབ་རྒྱ་མཚོ་དང་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་མགོ་ཁྲིད་དེ་རང་རང་སོ་སོའི་ལྟ་ཚུལ་དང་འབྲེལ་བའི་སྒོ་ནས་རང་ས་གནས་ཀྱི་སློབ་གསོའི་སྤུས་ཚད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐོར་ཡང་བགྲོ་གླེང་གནང་ཞིང་། སློབ་དཔོན་ཐོན་མིའི་དགོངས་དོན་དང་མཐུན་པའི་ཐོན་མིའི་སློབ་གསོ་གོང་འཕེལ་དུ་གཏོང་རྒྱུ་ནི་སློབ་མ་རེ་རེ་ལ་འགན་འཁྲི་ཡོད་པའི་སྐོར་གྱི་གསུང་བཤད་གནད་དུ་འཁེལ་བ་མང་བོ་གནང་མཐར། བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་ཁྲི་གླིང་པདྨ་ཡང་གསང་དང་སྐབས་ཐོན་ཚོགས་གཙོ་དཔལ་ལྡན་སོགས་ཀྱི་སྣེ་ཁྲིད་འོག་ཁྲི་ཀའི་ཐོན་མིའི་སློབ་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་དབྱར་དགུན་གནང་སྐབས་སུ་གསབ་སྦྱོང་འཛིན་གྲྭ་རེ་བསྒྲུབ་རྒྱུའི་གྲོས་བསྡུར་གནང་བ་སོགས་སློབ་གྲོགས་ཡོངས་ཀྱི་བསམ་ཚུལ་སྤྱི་བསྡོམས་བྱས་ཏེ་ཚོགས་འདུ་བདེ་ལེགས་ངང་མཇུག་བསྡུས་པ་རེད།
སྐབས་ལྔ་བའི་སློབ་མ་ལྷུན་གྲུབ་རྒྱ་མཚོ་དང་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་མགོ་ཁྲིད་དེ་རང་རང་སོ་སོའི་ལྟ་ཚུལ་དང་འབྲེལ་བའི་སྒོ་ནས་རང་ས་གནས་ཀྱི་སློབ་གསོའི་སྤུས་ཚད་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐོར་ཡང་བགྲོ་གླེང་གནང་བཞིན་པ།
སློབ་མ་རང་རང་གི་ལས་རིགས་ངོ་སྤྲོད་དང་འབྲེལ་བའི་སྒོ་ནས་གཏམ་བཤད་གནང་བཞིན་པ།

ཚོགས་ཞུགས་སློབ་གྲོགས་ཡོངས་ཀྱིས་མཉམ་དུ་བསྐྱོན་པའི་དྲན་རྟེན་འདྲ་པར།
གསར་འགྱུར་མཁོ་སྦྲོད་པ། གསར་འགོད་པ། པདྨ་ཚེ་རིང་།
|