ཤེས་རིག་ནོར་བུའི་སློབ་གླིང་གི་རྔ་བའི་སློབ་ཚོགས་དང་དགེ་སློབ་ལྷན་འཛོམས།

     གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྔ་བའི་ཡན་ལག་སློབ་ཚོགས་ཀྱིས་བཀའ་དྲིན་བླ་ན་མཐོ་བའི་དགེ་རྒན་རྣམས་གདན་འདྲེན་ཞུས་ཏེ་དགེ་སློབ་མཉམ་འཛོམས་ཀྱི་དགའ་སྟོན་ལ་རོལ་བ།

དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་རྔ་བར་ཕེབས་བསུ་གནང་བཞིན་པ།

དགེ་རྒན་བཛྲ་ཚུལ་ཁྲིམས་མཆོག་རྔ་བར་ཕེབས་བསུ་གནང་བཞིན་པ།

བསུ་སྦྲེང་སྟེང་དུ་འབྱོར་བའི་དགེ་སློབ་མཉམ་འཛོམས།

དགེ་རྒན་རྣམ་ཕེབས་བསུ་བྱས་པའི་ཡུལ་དངོས།

དགེ་རྒན་རྣམ་ཕེབས་བསུ་བྱས་པའི་ཡུལ་དངོས།

སྒོ་མང་བཀྲ་ཤིས་ཆོས་ཐང་གི་ཐོན་མིའི་སློབ་ཚོགས་ཀྱི་སྒར་ཁ།

     སྒོ་བྱང་ངོས་སུ། བཀའ་དྲིན་བླ་ན་མེད་པའི་སློབ་དཔོན་རྣམས་ཕེབས་པར་དགའ་བསུ་ཞེས་པ་དང་ཀ་བའི་ངོས་སུ།  དགྱེས་ཞལ་ཉི་མའི་དཀྱིལ་འཁོར་གནས་འདིར་འཛུམ། །ཨེ་མ་བདག་ཅག་བསོད་ནམས་སྐལ་བ་ལྡན། །ཞེས་བྲིས་ཡོད།

      སྤྱི་ལོ་༢༠༡༦ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་བཛྲ་ཚུལ་ཁྲིམས་རྒྱ་མཚོ།  ལྡོང་ཡོན་ཏན་རྒྱ་མཚོ་དང་སྨན་རམས་པ་ཚེ་བཀྲ་རྣམས་རྔ་བའི་ཐོན་མིའི་སློབ་ཚོགས་ཀྱིས་སྒོ་མང་དགོན་གྱི་མདུན་ཐང་བཀྲ་ཤིས་ཆོས་ཐང་ནས་ལག་ལ་ཁ་བཏགས་བཟུང་སྟེ་ཆིབས་བསུ་ཟབ་རྒྱས་བྱས་པ་དང་སློབ་དཔོན་རྣམ་གསུམ་ཐུགས་ཤིན་ཏུ་དགྱེས་བཞིན་དགེ་སློབ་མཉམ་འཛོམས་ཀྱི་དགའ་སྟོན་ལ་རོལ། 

     ཕྱི་དྲོར་དགེ་སློབ་མཉམ་དུ་བཀྲ་ཤིས་ཆོས་ཐང་དུ་ཁམས་གསེང་བྱེད་ཞོར་དུ་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་གིས་དགེ་སློབ་རྣམས་ལ་རྔ་བའི་ཡུལ་ལྗོངས་དང་གནས་རི་རྣམས་ངོ་སྤྲོད་ལེགས་པར་བྱས་ཤིང་།  

   ཉིན་གཉིས་པའི་ཉིན་དགེ་རྒན་རྣམ་པས་བྱམས་བརྩེ་དང་ལྷག་བསམ་གྱི་ངང་ནས་སློབ་མ་རྣམས་ལ་བོད་ཀྱི་སློབ་གསོ་དང་རིག་གནས་ཁྲིམས་མཐུན་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པར་མ་ཟད་དེ་ལས་ཀྱང་གལ་ཆེ་བ་ནི་རང་གི་མི་གཞི་བཟང་བོའི་རྨང་གཞི་བྱས་པའི་སྟེང་ནས་བྱ་བ་གང་བསྒྲུབ་ཀྱང་གཞན་ལ་ཕན་ཐོག་ན་ཧ་ཅང་ལེགས།  མ་ཐོག་ན་ཡང་གཞན་ལ་གནོད་མ་སྐྱེལ་བའི་སྟེང་ནས་མི་ཚེ་ལེགས་པར་སྐྱེལ་དགོས་པའི་བཀའ་སློབ་ཡིད་འཁུལ་པ་གནངས་པ་དང་སློབ་མ་རྣམས་ཀྱིས་ཀྱང་རང་རང་གི་ལས་གནས་དང་འབྲེལ་ནས་རང་གི་ཕུགས་བསམ་དང་། བོད་ཀྱི་སློབ་གསོ་དང་རིག་གནས་འཕེལ་རྒྱས་ཕྱོགས་ལ་ཁྲིམས་མཐུན་གྱི་ཐོག་ནས་རང་ནུས་ཀྱིས་ཞབས་ཞུ་གང་ཐུབ་རེ་བསྒྲུབ་པའི་བསམ་ཚུལ་བརྗོད་ནས་དགེ་སློབ་རྣམས་ཀྱིས་འཛུམ་མདངས་ཤིག་ཤིག་གིས་ངང་ཁ་བརྡ་ལྷོད་ལྷོད་བྱས་ནས་དགེ་སློབ་བར་ལ་སྔར་ལས་ལྷག་པའི་བྱམས་བརྩེ་དང་དད་གུས་འཁྲུངས་ཡོད།

      ད་དུང་རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་གཡུང་དྲུང་རིན་ཆེན་དང་སློབ་གསོ་ཅུའུ་ཡི་འགོ་གཙོ་འགྲོ་མགོན་གཉིས་ཕེབས་ནས་དགེ་རྒན་རྣམ་རྔ་བར་བྱོན་པར་དགའ་གུས་ཀྱིས་ཕེབས་བསུ་དང་སློབ་གསོའི་སྐོར་གྱི་གསུང་གླེང་དོན་སྙིང་ཅན་མང་བོ་བྱས།  བར་གསེང་དུ་སྒོ་མང་བཀྲ་ཤིས་ཆོས་ཐང་དུ་དགེ་སློབ་རྣམས་ཕེབས་ནས་རང་རང་གིས་འདོད་མོས་ལྟར་དགེ་རྒན་རྣམ་པ་དང་མཉམ་པར་བརྒྱབ་ནས་ཕྱིར་གུར་ནང་དུ་ཕེབས་ཏེ་སློབ་དཔོན་རྣམ་གསུམ་ལ་རྟེན་གསུམ་ཕུལ་ནས་འགོ་བཀྲ་ཤིས་དང་མཇུག་ཕུན་སུམ་ཚོགས་པའི་ངང་བསྡུས། 

   ཉིན་གསུམ་པའི་ཉིན་དགེ་རྒན་སྨན་རམས་པ་ཚེ་བཀྲ་ལགས་ཀྱིས་རིན་མེད་དངོས་འབུལ་ངང་ནས་ནད་པ་ཉམ་ཐག་རྣམས་ལ་ནད་ལ་བལྟས་པ་དང་སྨན་སྒོར་ཁྲི་བཅུ་གཅིག་ལྷག་གིས་གནང་སྦྱིན་བྱས།

དགེ་རྒན་རྣམ་གསུམ་དང་རྔ་བ་རྫོང་གི་རྫོང་དཔོན་གཞོན་པ་གཡུང་དྲུང་རིན་ཆེན་དང་སློབ་གསོ་ཅུའུ་ཡི་འགོ་གཙོ་འགྲོ་མགོན་གཉིས་དང་མཉམ་པར།


སློབ་དཔོན་རིན་པོ་ཆེ་འཇིགས་མེད་རྒྱལ་མཚན།

སློབ་དཔོན་རིན་པོ་ཆེ་བཛྲ་ཚུལ་ཁྲིམས།

སློབ་དཔོན་རིན་པོ་ཆེ་ལྡོང་ཡོན་ཏན་རྒྱ་མཚོ།

    དགེ་རྒན་སྨན་རམས་པ་ཚེ་བཀྲ་ལགས་ཀྱིས་རྔ་བའི་ནད་པ་ཉམ་ཐག་རྣམས་ལ་ནད་ལ་བལྟས་པ་དང་སྨན་སྦྱིན་སྒོར་ཁྲི་བཅུ་གཅིག་ལྷག་བྱས་པའི་ཡུལ་དངོས།


དགེ་སློབ་མཉམ་འཛོམས་ཀྱི་དྲན་རྟེན།

གསར་འགོད་པ།  ཨ་འདུས་བློ་བཟང་།

པར་ལེན་པ། ཀུན་དགའ།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-08-30 ལྟ་ཀློག (9453)