མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་ཧོང་ཀྲུང་རྫོང་དུ་ཚོགས།

     ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཟླ8པའི་ཚེས6ཉིན་གྱི་སྔ་དྲོའི་དུས་ཚོད9སྟེང་། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་གཉིས་པ་མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་གི་བྱམས་པ་གླིང་ཀ་མགྲོན་ཁང་ཆེན་མོར་ཚོགས་པ་དང་། ས་ཁུལ་སོ་སོ་ནས་ཐོན་པའི་ཁེ་ལས་པ་དང་ཚོགས་མི་བརྒྱ་དང་དྲུག་ལྷག་ཚོགས་འདུར་ཞུགས།

     ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་འཇིགས་མེད་རྒྱལ་མཚན་གྱིས་ཚོགས་པའི་འགན་འཁུར་དང་ཚོགས་འདུའི་དམིགས་ཡུལ་སོགས་ཀྱི་ཐད་གསུང་བཤད་གལ་ཆེན་གནང་ཞིང་། དྲུང་ཡིག་ཆེན་མོ་གུ་རུ་ཚེ་བརྟན་གྱིས་ལོ་འཁོར་གཅིག་རིང་གི་བྱ་བའི་སྙན་ཞུ་ཕུལ་བ་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སྒྲོལ་མ་སྐྱབས་ཀྱིས་བྱ་བའི་སྙན་ཞུ་ཕུལ་རྗེས་འགོ་འཛིན་པའི་སྣེ་ཁྲིད་འོག“མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་སྒྲིག་ཡིག(འཆར་ཟིན)”ལ་གྲོས་ཞིབ་དང་མི་དོན་ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཚོགས་རའི་ཡུལ་དངོས།

   ཕྱི་དྲོའི་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་པདྨ་བསྟན་འཛིན་གཙོ་བྱས་ཚོགས་པའི་ལས་འཛིན་དང་ཚོགས་མི་རྣམས་ཀྱིས་ཚོགས་པའི་གནས་ཚུལ་དང་ཚོང་ལས་འཕེལ་རྒྱས་ཐད་སོ་སོའི་བསམ་ཚུལ་བཏོན་ནས་ཉམས་མྱོང་བརྗེ་རེས་དང་ཚོང་དོན་གྲོས་མོལ་བྱས་ཏེ་ཐེངས་འདིའི་གྲོས་ཚོགས་བདེ་བླག་ངང་མཇུག་སྒྲིལ།


(གསར་འགོད་པ། དོན་འགྲུབ་ཚེ་བརྟན།  རྡོ་རྗེ་སྐྱིད། )

རྩོམ་སྒྲིག་འགན་འཁུར་བ།   མགར་ཉི་ཟེར། འབའ་སྣང་གྲོལ། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས:   2016-08-07 ལྟ་ཀློག (3783)