​​རིག་གནས་དང་དཔལ་འབྱོར། ཆེད་བསྐྱོད་རྒྱུས་ལོན། ཁག་དང་བོ།

 རིག་གནས་དང་དཔལ་འབྱོར། ཆེད་བསྐྱོད་རྒྱུས་ལོན།ཁག་དང་བོ། 

ངེད་དྲ་བའི་གསར་འགོད་པ་འབའ་རྫོང་གི་ཁེ་ལས་འགའ་ལ་རྒྱུས་ལོན་དུ་བསྐྱོད་པ།

གསར་འགོད་པ།  འབའ་སྣང་གྲོལ། 

    མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བ་ལ་རིག་གནས་ཀྱི་སློབ་གསོ་བ་ཆིག་རྐྱང་བ་ཙམ་གྱིས་མི་ཆོག་པར་མི་རིགས་དེའི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་དཔལ་འབྱོར་གྱི་ལམ་ག་ཡག་པོ་ཞིག་བསྙེག་དགོས་པ་ནི་གཟུར་དུ་མེད་པའི་འགན་འཁྲི་གཙོ་བོ་ཞིག་ཡིན་ཞིང་།  མི་རིགས་གང་དེའི་རིག་གནས་དེ་ཉིད་ཐོན་རྫས་ཅན་དང་སྤྱི་ཚོགས་ཅན་དུ་གྱུར་ནས་དཔལ་འབྱོར་དང་རིག་གནས་གཉིས་ཡ་མ་བྲལ་བར་སྤྱི་ཚོགས་གང་དེའི་དགོས་མཁོ་བསྐང་ཐུབ་ཚེ་ད་གཟོད་མི་རིགས་དེའི་རིག་གནས་ལ་རེ་བ་ཡོད་པ་ཡིན་ལ།  མི་རིགས་དེའི་དཔལ་འབྱོར་ལའང་རེ་བ་ཡོད་པ་ཡིན།  མདོར་ན་མི་རིགས་གང་དེ་ལ་རེ་བ་བླ་ལྷག་ཡོད་པ་ཡིན་ནོ།།    དེ་བས་ངེད་དྲ་བའི་གསར་འགོད་པ་བོད་ཀྱི་ས་གནས་སོ་སོར་ཆེད་དུ་བསྐྱོད་ནས་བོད་རང་གི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་བོད་རང་གིས་གཉེར་བའི་རིག་གནས་ཀྱི་ཁེ་ལས་ལ་རྒྱུས་ལོན་དང་།  བོད་ཀྱི་ན་གཞོན་རྣམས་ལ་སྐུལ་འདེད།   བོད་ཀྱི་ཁེ་ལས་འཕེལ་རྒྱས་ལ་མིག་དཔེ།   བོད་རང་གི་ཁེ་ལས་པ་ཚད་ལྡན་དག་ལ་རྒྱབ་སྐྱོར་བྱས་ནས་ང་ཚོ་མཉམ་རུབ་ཀྱི་སྒོ་ནས་མི་རིགས་རང་གི་རིག་གནས་ཀྱི་འཚོ་ཐབས་དང་མཐུན་ཞིང་།  དུས་རབས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་དཔལ་འབྱོར་གྱི་ལམ་ག་གསར་བ་ཞིག་བསྙེག་ཐུབ་རྒྱུ་ནི་ང་ཚོ་ཐུན་མོང་གི་རེ་བ་ཉག་གཅིག་ཡིན་པར་མ་ཟད།  བོད་རང་གི་ཆོས་སྲིད་རིག་གནས་དང་བཅས་པ་འཛམ་གླིང་འདིར་ཡུན་རིང་གནས་ཐུབ་མིན་གྱི་གནད་འགག་ཀྱང་འདི་ལ་ཐུག་ཡོད།  དེ་བས་ཐེངས་འདིར་ངེད་དྲ་བའི་གསར་འགོད་པ་འབའ་རྫོང་དུ་བསྐྱོད་ནས་ཁེ་ལས་ཚད་ལྡན་གཉེར་བའི་མཐུན་གཉེར་ཁང་འགའ་ལ་ཆེད་བཅར་གྱིས་རྒྱུས་ལོན་བྱས་པ་ཡིན།  

ཁྱུང་ཆེན་བརྙན་གླིང་མཐུན་གཉེར་ཁང་།  

     འབའ་རྫོང་ཁྱུང་ཆེན་བརྙན་གླིང་ནི་འཁྲབ་ཁྲིད་པ་གྲགས་ཅན་ཟོན་ཐར་རྒྱལ་ལགས་ཀྱིས་སྣེ་ཁྲིད་འོག་བཙུགས་པ་ཡིན་ཞིང་།  ད་ལྟ་བོད་ཁུལ་གྱི་བརྙན་ཕབ་སྒྲིག་སྦྱོར་གཞི་རྒྱ་ཆེས་ཆེ་བའི་མཐུན་གཉེར་ཁང་དེ་ཡིན་པར་བཤད།  མཐུན་གཉེར་ཁང་འདིས་བོད་རང་གི་ཁྱད་ཆོས་ལྡན་པའི་བརྙན་ཕབ་བརྒྱུད་ནས་བོད་རང་གི་འཁྲབ་ཁྲིད་པ་དང་།  འཁྲབ་སྟོན་པ།  འཁྲབ་གཞུང་འབྲི་མཁན་བསྐྱེད་བསྲིང་གནང་ནས་བོད་ཀྱི་རིག་གནས་ཀྱི་འཚོ་ལམ་གསར་བ་བསྙེག་རྒྱུ་དང་།  བོད་རང་གི་ཐུན་མོང་མ་ཡིན་པའི་ཞི་འཇམ་གྱི་འཚོ་བ་དང་།  ཧ་ཅང་དྭངས་གཙང་གི་ཡུལ་སྲོལ་གོམས་གཤིས།  འཇིག་རྟེན་དང་ཚེ་སྲོག་གི་ལྟ་ཚུལ་སོགས་ཚད་མཐོན་པའི་སྒོ་ནས་ཕྱིར་མཚོན་གནང་ནས་འཛམ་གླིང་གི་སྤུན་ཟླ་ཡོངས་ལ་བོད་དང་རིག་གནས་ལ་ངོས་འཛིན་གསལ་བོ་ཞིག་གནང་དུ་འཇུག་རྒྱུ་དེ་ཡིན།  

 

ཁྱུང་ཆེན་བརྙན་གླིང་གི་ཕྱིའི་བཟོ་བཀོད། 

ཁྱུང་ཆེན་བརྙན་གླིང་གི་ནང་གི་བཟོ་བཀོད། 

ཁྱུང་ཆེན་བརྙན་གླིང་གི་ཚོམས་ཆེན། 

ཁྱུང་ཆེན་བརྙན་གླིང་གི་བརྙན་ཕབ་ལྟེ་གནས། 

ཁྱུང་ཆེན་བརྙན་གླིང་གི་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་འགའ་ལ་ཐོབ་པའི་རྒྱལ་ཕྱི་ནང་གི་ཚད་མཐོའི་བྱ་དགའ། 

ཁྱུང་ཆེན་བརྙན་གླིང་གི་ལས་མི་སྦྲ་རྒན་བརྩོན་འགྲུས་རྒྱ་མཚོས་མཚམས་སྦྱོར་གནང་བཞིན་པ། 

 དུང་དཀར་བོད་ལུགས་ཅ་ལག་སྣ་འཛོམས་འཕེལ་རྒྱས་ཚད་ཡོད་འགན་ལེན་མཐུན་གཉེར་ཁང་།  

     འབའ་རྫོང་དུང་དཀར་བོད་ལུགས་ཅ་ལག་སྣ་འཛོམས་འཕེལ་རྒྱས་ཚད་ཡོད་འགན་ལེན་ཀུང་ཟི་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་མ་ཆོས་སྐྱབས་རྒྱལ་ལགས་ཀྱིས་༢༠༡༢ལོར་གསར་དུ་བཙུགས་པ་ཡིན་ཞིང་།  ཁོས་ལོ་མང་བོར་ཚོང་ལས་དཔལ་འབྱོར་སྣ་ཚོགས་གཉེར་བའི་ཉམས་མྱོང་དང་བརྒྱུད་རིམ་ལ་བརྟེན་ནས་ད་གཟོད་མཐུན་གཉེར་ཁང་འདི་བཙུགས་པ་ཞིག་ཡིན་པར་མ་ཟད།  ད་ལྟ་མཐུན་གཉེར་ཁང་འདི་ལ་མ་དངུལ་སྒོར་ཁྲི་སྟོང་ཕྲག་ལྷག་བཏང་ཡོད་ཅིང་།  ལས་བཟོ་བ་དྲུག་ཅུ་ལྷག་གིས་ལས་ཀ་བྱེད་བཞིན་ཡོད།  མཐུན་གཉེར་ཁང་འདིས་རྒྱལ་ཕྱི་ནང་གི་ཤིང་བརྐོ་འཕྲུལ་ཆས་སྔོན་ཐོན་བཀོལ་སྤྱོད་བྱས་ནས་བོད་ལུགས་ཅ་ལག་སྣ་ཚོགས་ཇུས་འགོད་དང་གསར་བཏོད་གནང་བཞིན་ཡོད་ལ།  དམིགས་ཡུལ་གཙོ་བོ་ནི་བོད་རང་གི་ཁྱད་ཆོས་ལྡན་པའི་ཤིང་བཟོའི་ཅ་ལག་སྣ་ཚོགས་གསར་གཏོད་ལ་བརྟེན་ནས་བོད་རང་གི་ཤིང་བརྐོས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གནང་རྒྱུ་དང་། བོད་རང་ས་ནས་རང་གི་ཐོན་རྫས་ལ་བརྟེན་ནས་དཔལ་འབྱོར་གྱི་རྨང་གཞི་ཡག་པོ་ཞིག་ཚུགས་རྒྱུ་དེ་ཡིན།  

དུང་དཀར་བོད་ལུགས་ཅ་ལག་སྣ་འཛོམས་ཚད་ཡོད་མཐུན་གཉེར་ཁང་གི་ཕྱིའི་བཟོ་བཀོད། 

སྤྱི་གཉེར་བ་ཆོས་སྐྱབས་རྒྱལ། 

ལས་བཟོ་རྣམས་ཀྱིས་ཤིང་བརྐོས་ཅ་ལག་སྒྲིག་བཞིན་པ། 

ཤིང་བརྐོས་ཅ་ལག

ཤིང་བརྐོས་མདུན་ཅོག་ལས་བཞིན་པ། 

བོད་རང་གི་ཁྱད་ཆོས་ལྡན་པའི་ཤིང་བརྐོས་ཅ་ལག

ཤིང་བཟོས་བོད་ཀྱི་ཅ་ལག་སྣ་ཚོགས།

ཅ་ལག་སྣ་ཚོགས་ཀྱི་རྒྱུ་ཆ་དྲུད་ནས་ཡོང་བ། 

གསར་འགོད་པས་རྒྱུས་ལོན་བྱེད་བཞིན་པ། 

མཚོ་སྔོན་ནོར་བཟང་ཟངས་བཟོའི་ལག་རྩལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་།

  མཚོ་སྔོན་ནོར་བཟང་ཟངས་བཟོའི་ལག་རྩལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་ནི་ཚོང་དཔོན་ནོར་བུ་ཚེ་རིང་ལགས་ཀྱིས་༢༠༡༥ལོར་མ་དངུལ་དམངས་སྒོར་ཁྲི་༩༥༠བཏང་ནས་འབའ་རྫོང་དུ་གསར་དུ་བཙུག་པ་ཞིག་ཡིན་ཞིང་།   སྤྱི་གཉེར་ཁང་འདིས་བོད་རང་གི་སྲོལ་རྒྱུན་གྱི་འབུར་དུ་ཐོན་པའི་ཟངས་བཟོའི་ལག་རྩལ་གྱི་རྨང་གཞིའི་སྟེང་དུ་རྒྱལ་ཁབ་གཞན་གྱི་ཟངས་བཟོའི་ལག་རྩལ་སྔོན་ཐོན་བེད་སྤྱད་བྱས་ནས་ཟངས་ལས་གྲུབ་པའི་སྐུ་འདྲ་སྣ་ཚོགས་བཟོ་བཞིན་ཡོད་ཅིང།  ད་བར་རྒྱལ་ནང་དང་བོད་ཁམས་ཡོངས་ལ་སྤྱི་གཉེར་ཁང་འདིས་བཟོས་པའི་ཟངས་སྐུ་སྣ་ཚོགས་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད།  ཟངས་སྐུའི་རྒྱུ་ཆ་དང་བཟོ་རྩལ་སོགས་ལ་ཕྱོགས་སོ་སོའི་སྐུ་མགྲོན་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད།   སྤྱི་གཉེར་ཁང་འདིས་དམིགས་ཡུལ་གཙོ་བོ་ནི་བོད་རང་གི་ཟངས་བཟོའི་ལག་རྩལ་མ་ཉམས་གོང་འཕེལ་དང་།  བོད་རང་གི་ཐོན་རྫས་རང་གིས་གསར་བསྐྲུན་བྱ་ཐུབ་པ་དང་། བོད་རང་གི་བཟོ་རིག་པ་དེ་ཉིད་དངོས་སུ་ལག་ལེན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཐོན་རྫས་ཅན་དུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་གསར་བའི་ལམ་ག་བསྙེག་རྒྱུ་ནི་དམིགས་ཡུལ་གཙོ་བོའོ།། 

ལས་བཟོ་བས་ཟངས་སྐུ་ལས་བཞིན་པ། 

ད་དུང་བདར་བཟོ་མ་གནང་བའི་སྟོན་པའི་ཟངས་སྐུ།

ཡོངས་སུ་གྲུབ་པའི་ཟངས་སྐུ་སྣ་ཚོགས། 

ཟངས་ལས་གྲུབ་པའི་རྗེ་རིན་པོ་ཆེའི་སྐུ་བརྙན།

ཟངས་བཟོའི་ལག་རྩལ།

གསར་འགོད་པས་རྒྱུས་ལོན་བྱེད་བཞིན་པ། 

འབའ་ཡུལ་རྫོང་རི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་མཐུན་གཉེར་ཁང་།

    མཚོ་སྔོན་འབའ་ཡུལ་རྫོང་རི་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་ནུབ་བྱང་སློབ་ཆེན་སྒྱུ་རྩལ་སྡེ་ཁག་ནས་སློབ་མཐར་ཕྱིན་པའི་དགེ་ལེགས་རྣམ་རྒྱལ་ལགས་ཀྱིས་གསར་དུ་བཙུགས་ཤིང་།  བོད་ལུགས་བཟོ་རྩལ་གྱི་ཐོན་ལས་གསར་སྤེལ་དང་བཟོ་གཉེར་བྱེད་པའི་ཁེ་ལས་ཀྱི་སྡེ་ཆུང་གྲས་ཤིག་ཡིན་ལ། ལས་སྡེ་འདི༢༠༠༦ལོར་ཚུགས་ཤིང་ད་ལྟ་ལས་བཟོ་བ་༢༣ ཙམ་འདུས་ཡོད། དེའི་ནང་ལྷ་བྲིས་མཁས་པ་༡༨ཙམ་མཆིས་ལ་གཏན་འཇགས་མ་དངུལ་སྒོར་ཁྲི་༧༦༠ལྷག་ཙམ་ཡོད། མཐུན་གཉེར་ཁང་འདིས་ལྷ་སའི་སྒྱུ་རྩལ་གྱི་བཟོ་རྒྱུན་འཛིན་པའི་ཐང་ཀ་དང་ལྡེབས་རིས། གོས་སྐུ། གཙགས་གྲུབ། ལྡེར་བཟོ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་རྩལ་སྣ་ཚོགས་དར་སྤེལ་བགྱི་བ་དང་ཆབས་ཅིག བོད་ལུགས་གཞིས་ཁྱིམ་གྱི་ཕྱི་ནང་མཛེས་སྤྲས་དང་། བཟོ་རྩལ་སྣ་མང་གི་ལེགས་རྟགས་ཅི་རིགས་ཀྱང་ཇུས་འགོད་བྱེད་མུས་ཡིན། ལས་སྡེ་འདིའི་ཐོན་རྫས་སྣ་ཚོགས་སྤུས་དག་ཡིད་འོང་དང། བཀྲག་ཅིང་བརྗིད་པའི་ཉམས་ལྡན་པ། མདངས་མི་ཉམས་ལ་བཟོ་ཞིབ་པ་ཤ་སྟག་ཡིན་པས་ཁྱིམ་དུ་ཉར་བའི་རྟེན་གྱི་དྭངས་མ་དང་གཞན་ལ་འབུལ་བའི་སྐྱེས་ཀྱི་མཆོག་ཏུ་འཁུམས། མཐུན་གཉེར་ཁང་འདི་ཉིད་ཚུགས་པ་ནས་ད་ལྟའི་བར་བོད་ལུགས་བཟོ་རྩལ་གྱི་ཤེས་གནད་ལ་སྦྱངས་རྟོག་ཟུང་འཇུག་གིས། སྔ་གཞུག་ཏུ་དགོན་སྡེ་སྣ་ཚོགས་ཀྱི་ལྡེབས་རིས་དང་ཐང་ཀ ལྷ་སྐུ་ལྡེར་བཟོ་དང་ལུགས་རྡུང་སོགས་ཉམས་གསོ་དང་གསར་བཞེངས་ཀྱི་བྱ་གཞག་རྒྱ་ཆེ་བ་བསྒྲུབས་དང་སྒྲུབ་མུས་ཡོད་ཅིང་།  མཐུན་གཉེར་ཁང་འདི་བསྒྲུབས་པའི་དམིགས་ཡུལ་ནི་གཙོ་བོ་བོད་ཀྱི་ན་གཞོན་སྤྱི་དང་ལྷག་པར་དུ་བོད་རང་གི་སློབ་ཆེན་པ་དག་བོད་རང་གི་རིག་གནས་ཁེ་ལས་ཀྱི་ལམ་ལ་ཕྱོགས་པར་སྐུལ་འདེད་ཀྱི་སླད་དུ་རང་ཉིད་ནས་འགོ་བརྩམས་པ་ཙམ་ཡིན། 

ཐང་ག་འབྲི་བཞིན་པ། 

བྲིས་རིས་ཀྱི་སྒྱུ་རྩལ།

བྲིས་རིས་ཀྱི་སྒྱུ་རྩལ།

བྲིས་རིས་ཀྱི་སྒྱུ་རྩལ།

བྲིས་རིས་ཀྱི་སྒྱུ་རྩལ།

བྲིས་རིས་སྣ་ཚོགས་འགྲེམས་སྟོན་ཁང་། 

རྒྱུས་ལོན་བྱེད་བཞིན་པ། 

མངའ་རིས་སྒྲ་སྙན་སྒྲིག་བཟོ་མཐུན་གཉེར་ཁང་། 

   འབའ་རྫོང་སྒྲ་སྙན་རྡུང་ལེན་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ནི་བོད་ཀྱི་གླུ་དང་རྡུང་ལེན་གྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཆེད་དུ་འབའ་ཡུལ་ན་གཞོན་གླུ་བ་འགའ་མཉམ་རུབ་ཀྱིས་གསར་དུ་བཙུགས་པ་ཞིག་ཡིན་ཞིང་།  གླུ་བ་ཚེ་བྷེ་ལགས་ཀྱི་སྣེ་ཁྲིད་འོག་ད་ལྟ་ཚད་ལྡན་གྱི་ཁེ་ལས་ཕྱོགས་ལ་གོམ་པ་སྤོ་བཞིན་ཡོད།   སྔ་ཕྱིར་མངའ་རིས་དང་ལྷ་ས་སོགས་ལ་ཆེད་དུ་བསྐྱོད་ནས་མངའ་རིས་སྒྲ་སྙན་སྒྲིག་བཟོའི་ཐད་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ད་ལྟ་བོད་རང་གི་རོལ་ཆས་མངའ་རིས་སྒྲ་སྙན་གསར་གཟོ་བྱེད་བཞིན་ཡོད་པར་མ་ཟད།   མཐུན་གཉེར་ཁང་འདིས་བཟོས་པའི་མངའ་རིས་སྒྲ་སྙན་བོད་ཁུལ་ཡོངས་ལ་ཕྱིར་བཙོང་བྱས་ནས་དགའ་བསུ་རྒྱ་ཆེན་པོ་ཐོབ་བཞིན་ཡོད། 

ལས་མི་དག་གིས་མངའ་རིས་སྒྲ་སྙན་གསར་བཟོ་གནང་བཞིན་པ། 

བོད་རང་གི་ཁྱད་ཆོས་ལྡན་པའི་གསར་དུ་བཟོས་པའི་མངའ་རིས་སྒྲ་སྙན། 

མངའ་རིས་སྒྲ་སྙན་གྱི་རྒྱུ་ཆ་སྣ་ཚོགས། 

མཚོ་ལྷོ་ཁུལ་གསེར་ཁང་གྱོན་ཆས་ཚད་ཡོད་མཐུན་གཉེར་ཁང་། 

   མཚོ་ལྷོ་ཁུལ་གསེར་ཁང་གྱོན་ཆས་ཚད་ཡོད་མཐུན་གཉེར་ཁང་ནི་གསེར་ཁང་སྡེ་བ་ཡོངས་ནས་མ་དངུལ་བཞག་པའི་མཉམ་སྒྲུབ་ཚོང་སྡེ་ཞིག་ཡིན་ཞིང་།  མཐུན་གཉེར་ཁང་འདིས་མཉམ་སྒྲུབ་ཀྱི་ཁེ་ལས་ལ་བརྟེན་ནས་བོད་རང་གི་ཁྱད་ཆོས་ལྡན་པའི་གྱོན་ཆས་སྣ་ཚོགས་ཇུས་འགོད་དང་། ཆེད་བཟོ།  ཕྱིར་འཚོང་སོགས་བྱས་ནས་ས་གནས་ཀྱི་མངས་ཚོགས་ལ་ལས་ཀ་བཀོད་སྒྲིག་དང་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་བཞིན་ཡོད།

མཐུན་གཉེར་ཁང་གི་ཕྱིའི་བཟོ་བཀོད། 

གྱོན་ཆས་སྣ་ཚོགས་བཟོ་ས། 

ལས་བཟོ་བར་རྒྱུས་ལོན་བྱེད་བཞིན་པ། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2016-08-03 ལྟ་ཀློག (6469)