ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་མཛད་སྒོ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་མཛད་སྒོ།

     སྤྱི་ཟླ་༧པའི་ཚེས་བརྒྱད་ཀྱི་དགོང་མོར་ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་དགུ་བའི་མཐར་ཕྱིན་དགོང་ཚོགས་གཟབ་རྒྱས་ངང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་འཚོགས་ཤིང་།  བོད་ཡིག་ཆེད་སྦྱོང་འཛིན་གྲྭ་དང་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ་གཉིས་ཀྱི་མཐར་ཕྱིན་སློབ་མ་༡༥༥ཡིས་ལོ་ངོ་དུ་མའི་དཀའ་སྡུག་དང་རྔུལ་ཆུ་ལ་བརྟེན་ནས་མེས་པོའི་ཁྱད་ནོར་བསྣམས་ནས་རྒྱལ་ཁ་དང་གཟི་བརྗིད་ངང་སློབ་མཐར་ཕྱིན། ཐེངས་འདིའི་མཐར་ཕྱིན་དགོང་ཚོགས་སྟེང་དུ་སློབ་གསོ་བ་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་པ་གཉིས་ཀྱིས་སློབ་བུ་ཚོར་མ་ཡུམ་སློབ་གྲྭ་དང་ཁ་གྱེས་རྗེས་ཉམས་འཇོག་དགོས་སའི་ཕྱོགས་ཀྱི་ཁ་ཏ་སློབ་གསོ་ཡིད་འཁུལ་བ་གནང་བར་མ་ཟད། སློབ་མ་རེ་རེར་མཐར་ཕྱིན་འཛིན་ཡིག་སྤྲད་ཅིང་། སློབ་བུ་ཚོས་ཀྱང་དགེ་རྒན་དང་ལས་བཟོ་བ་ཡོངས་ལ་གྱེས་ཁའི་སེམས་པ་མཚོན་བྱེད་དུ་ལེགས་སྐྱེས་ཕུལ་ནས་རང་རང་གི་དགའ་སྐྱོ་ཟུང་ལ་བརྒྱུས་པའི་བཤད་འདོད་པའི་སེམས་གཏམ་མང་བོ་ལྷུག་བརྗོད་གནང་།   མཇུག་ཏུ་རིག་རྩལ་འཁྲབ་སྟོན་སྣ་ཚོགས་བྱས་ནས་དགེ་སློབ་ཡོངས་འབྲལ་མི་ཐུབ་པའི་ཡིད་སེམས་མཆི་མ་དང་བཅས་དགོང་ཚོགས་མཇུག་རྫོགས་སོ།།

མཛད་སྒོའི་སྟེང་དགེ་རྒན་རྣམས་ཀྱིས་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ།

སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་དང་ལྡོང་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་སློབ་མ་རྣམས་ལ་ལམ་སྟོན་བསླབ་བྱ་གནང་བ།

རྩ་ཆེ་བའི་དངོས་པོ་རྙེད་དེ་ཕྱིར་བདག་པོ་ལ་སྤྲད་པའི་སློབ་མ་རྣམས་ལ་བྱ་དགའ་གནང་བཞིན་པ།

མཐར་ཕྱིན་སློབ་མའི་སྦྱངས་འབྲས་ལས་ཐོན་པའི་ཆེད་དེབ་འགྲེམས་སྤེལ་བྱེད་བཞིན་པ།

སྐབས་བཅུ་དགུ་བའི་འཛིན་གྲྭ་གཉིས་པའི་མཐར་ཕྱིན་སློབ་མའི་ཆེད་དེབ་དཔེ་ཚོགས།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-07-09 ལྟ་ཀློག (5789)