སྦྲ་ནག་དང་འབྲེལ་བའི་སྲོལ་རྒྱུན་ཡོ་བྱད་སྐོར་གྱི་ཐ་སྙད་འགྲན་སྡུར་བྱ་འགུལ་སྤེལ་བ།

FFIའབྲོག་སའི་རྩྭ་དང་གཞོན་གསར་འཛིན་གྲྭ་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྦྲ་ནག་དང་འབྲེལ་བའི་འབྲོག་པའི་སྲོལ་རྒྱུན་ཡོ་བྱད་སྐོར་གྱི་ཐ་སྙད་འགྲན་སྡུར་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་སྤེལ།

དཔྱད་འདེམས་པའི་དཔུང་སྡེ།

     ༢༠༡༦ལོའི་ཟླ༥བའི་ཚེས༢༠ཉིན་FFIའབྲོག་སའི་རྩྭ་དང་གཞོན་གསར་འཛིན་གྲྭ་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྦྲ་ནག་དང་འབྲེལ་བའི་འབྲོག་པའི་སྲོལ་རྒྱུན་ཡོ་བྱད་སྐོར་གྱི་ཐ་སྙད་འགྲན་སྡུར་གྱི་བྱ་འགུལ་མགོ་ལོག་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་སྤེལ་བ་དང་། ཐེངས་འདིའི་བྱ་འགུལ་ལ་དམའ་འབྲིང་རིམ་པའི་འཛིན་གྲྭ་བཅུ་གཉིས་སྟེ་བསྡོམས་པའི་སློབ་མ༥༣༦བྱ་འགུལ་ལ་ཞུགས་ཡོད།  ཐེངས་འདིའི་བྱ་འགུལ་ནི་དེང་སང་འབྲོག་ཁུལ་ན་སྦྲ་ཕུབ་མཁན་ཇེ་ཉུང་དུ་སོང་ཡོད་པ་དང་འབྲེལ་སྦྲའི་རིག་གནས་ཉམས་རྒུད་དུ་འགྲོ་བཞིན་པའི་གནས་ཚུལ་ལ་དམིགས་ཏེ་སྤེལ་བ་ཡིན་ལ།  བྱ་འགུལ་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི། 
དང་པོ།དེང་སང་འབྲོག་ཁྱིམ་མང་པོ་ཞིག་གིས་སྦྲ་ནག་ལྟེབ་ཏེ་མཛོད་ཁང་དུ་སྦས་ཡོད་པ་ནི་ཁྱིམ་ཚང་དེའི་ངོས་ཐད་ནས་བཤད་ན་དམིགས་བསལ་གྱི་གྱོང་གུད་ཅི་ཡང་མེད་མོད།མི་རིགས་ཤིག་གི་ངོས་ནས་བཤད་ན་སྦྲ་ནག་མཛོད་དུ་སྦས་པའི་སྐབས་དེ་ནས་བཟུང་སྦྲ་ནག་དང་འབྲེལ་བའི་ཐ་སྙད་དང་རིག་གནས་མང་པོ་ཞིག་མཛོད་དུ་བཅུག་ཏེ་ཉམས་ཀྱིན་ཡོད་པ་ཕྱི་རབས་ན་ཆུང་མང་པོ་ཞིག་ལ་ངོ་སྤྲོད་དང་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྦྲ་ནག་དང་འབྲེལ་བའི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་སྤེལ་བ་ཡིན།གཉིས་པ། སྦྲ་ནག་ཉམས་པ་དང་ལྷན་དུ་བོད་རང་གི་སྲོལ་རྒྱུན་གྱི་འབྲོག་པའི་གོམས་སྲོལ་ལེགས་ཤོས་དག་ཀྱང་ཉམས་ཉེས་སུ་འགྲོ་བཞིན་པའི་གནས་ཚུལ་དམིགས་པ་ཡིན།གསུམ་པ།སྦྲའི་རིག་གནས་ནི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རིག་གནས་ཤིག་ཡིན་པས་དེ་སྲུང་སྐྱོབ་དང་བདག་དམ་ནན་མོ་བྱེད་རྒྱུ་ནི་ང་ཚོ་ཚང་མར་འོས་འགན་ཡོད་པར་མ་ཟད།ན་གཞོན་དག་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དག་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་སྤེལ་དུ་གཏོང་བའི་འགན་འཁྲི་དང་བསམ་བློ་དགོས་པ་སོགས་ལ་དམིགས་པ་ཡིན།ཐེངས་འདིའི་བྱ་འགུལ་ལ་ཨང་དང་པོ་གཅིག་དང་།ཨང་གཉིས་པ་གཉིས།ཨང་གསུམ་པ་གསུམ་བཅས་བྱ་དགའ་བྱིན་པ་དང་།སློབ་གྲྭ་འདིར་མཚོན་ན་སློབ་མའི་བརྒྱ་ཆའི་བརྒྱད་ཅུ་ནི་འབྲོག་ཕྱོགས་ནས་ཡོང་བ་ཤ་སྟག་ཡིན་པས་བྱ་འགུལ་འདི་སྤེལ་བ་ལ་བརྒྱུད་ནས་སྦྲའི་རིག་གནས་ལ་དགའ་སྤྲོ་ཚད་མེད་སྐྱེས་ཡོད་པ་དང་བྱ་འགུལ་འདི་ལས་སྦྲ་དང་འབྲེལ་ཡོད་ཀྱི་སྲོལ་རྒྱུན་ཡོ་བྱད་མང་པོ་ཞིག་ལ་ངོས་ཟིན་ཟབ་མོ་ཐོབ་ཡོད།

བྱ་འགུལ་ལ་ཞུགས་པའི་དགེ་རྒན་དཔྱད་འདེམ་པའི་དཔུང་སྡེ།

མང་ཚོགས་དཔྱད་འདེམ་པ་ལོ་ཁོས་སྦྲ་ནག་གི་ལྷུ་ལག་ངོ་སྤྲོད་བྱེད་བཞིན་པ།

འགྲན་ཞུགས་སློབ་གྲོགས་ཚོའི་ཡིད་ཆེས་ཀྱིས་ཁེངས་པའི་འཛུམ་མདངས།

འགྲན་ཞུགས་པ་རྣམས་ཀྱིས་སྦྲ་ནག་དང་འབྲེལ་བའི་ཤེས་བྱ་སྣ་ཚོགས་ལ་ལན་འདེབས་བཞིན་པ།

བྱ་འགུལ་གྱི་ཡུལ་དངོས།

ཐེངས་འདིའི་བྱ་འགུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་སློབ་མའི་ཁྱིམ་བདག་གྲོས་རིག་འཛིན་རྡོ་རྗེ་དང་བྲེལ་གནམ་ཐར་སྐྱིད་གཉིས་ལ་བཀའ་དྲིན་ཞུས་པ།

བྱ་དགའི་མཛད་སྒོ་དང་འབྲེལ་ཏེ་མཇུག་བསྡུས་པ།

ཐེངས་འདིའི་བྱ་འགུལ་གཙོ་སྒྲུབ་བྱེད་མཁན་གཞོན་གསར་འཛིན་གྲྭ།

གསར་འགྱུར་མཁོ་སྤྲོད་པ། གསར་འགོད་པ་རྨ་གཞུང་བཙན་སྲས།


རྩོམ་སྒྲིག་འགན་ཁུར་བ།  མགར་རྩེ་ཉི་ཟེར།  ཁཱ་ཤེས་རབ་རྒྱ་མཚོ།  འབའ་སྣང་གྲོལ།  ཨ་བུ་འབྲོང་།


རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-05-21 ལྟ་ཀློག (4665)