ནང་བསྟན་རྒྱུན་ཤེས། ༡༩

ནང་བསྟན་རྒྱུན་ཤེས།

མཛད་པ་བོ་དགེ་རྒན་ཤེས་རབ་བསྟན་དར། 


༢༡༡ གཉིད་དུ་འདྲེས་ནོན་པ་ལྟ་བུའི་དངངས་སྐྲག་བྱུང་ན་ཇི་ལྟར་བྱེད།    

ལན། ཉལ་དུས་རང་གི་མགོ་བླ་མའི་པང་དུ་བཞག་ནས་བླ་མའི་ཐུགས་ལས་འོད་ཟེར་འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀར་ཕོག   དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་རང་ལ་ཐིམ་པ་གཉིད་རག་བར་དུ་བྱས་ན་གང་གིས་ཀྱང་མི་ཚུགས་གསུངས།   

༢༡༢ ངག་གི་ཉེས་པ་འགོག་ཅིང་ལྗགས་བྱིན་གྱིས་རླབས་བྱེད་ཀྱི་སྔགས་ཤིག་གདོན་རྒྱུ་ཡོད་པ་དེ་གང་ཡིན།  

ལན། སྒོག་ཙོང་ལ་སོགས་ཀྱི་ཉེས་པ་འགོག་པའི་ཕྱིར་དུ་ལྗགས་བྱིན་རླབས་ཞེས་པ་ཞིག་འདོན་རྒྱུ་ཡོད་པ་ནི་འདི་ཡིན་ཏེ། རང་གི་ལྕེ་སྟེང་ཟླ་བའི་དཀྱིལ་འཁོར་དབུས། །ཨོཾ་ཡིག་དབྱངས་གསལ་རྟེན་འབྲེལ་སྙིང་བོས་བསྐོར། །འོད་འཕྲོས་བླ་མ་རྒྱལ་བ་སྲས་བཅས་ཀྱི། །གསུང་གི་བྱིན་རླབས་བསྡུས་ཏེ་ཐིམ་པར་གྱུར། །ཨོཾ་ཨ་ཨཱ། ཨི་ཨཱུ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྭཱཧཱ། ཨོཾ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཉྫ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ལན་གསུམ་མམ་བདུན། ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུ་ནྟེ་ཥ་ནྟ་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མཧཱ་ཤྲཱ་མ་ཎ་ཡེས་སྭཱ་ཧཱ། ལན་གསུམ་མམ་བདུན། སྔགས་ཕྲེང་འོད་ཞུ་ལྕེ་ལ་ཐིམ་པ་ལས། རྡོ་རྗེའི་རང་བཞིན་ནུས་པ་ལྡན་པར་གྱུར། ཅེས་པའོ།  

༢༡༣ མི་ཤི་ཁར་ཅི་ཞིག་བྱས་ན་བཟང་ངམ།  

ལན།  མི་དགེ་བའི་སེམས་དྲག་པོ་མངོན་དུ་མི་འགྱུར་བར་དགེ་སེམས་སྐྱེ་བར་བྱས་ན་བཟང་བས་དེའི་ཚུལ་ནི་འཆི་ཁར་སེམས་ཅན་ཁོ་རང་གི་ཤིན་ཏུ་གཅེས་པའི་ནོར་རྫས་དང་ཉེ་དུ་སོགས་དང་། ཞེ་འགྲས་པའི་དགྲ་སོགས་ཆགས་སྡང་དྲག་པོ་སྐྱེ་བའི་ཡུལ་མིག་ལམ་དུ་མི་མཐོང་། ཤི་བའི་རྗེས་སུ་ཀུ་ཅོ་ངུ་འབོད་སོགས་ཀྱི་སྒྲ་མི་སྒྲོག་པར་སེམས་རྣལ་དུ་གནས་པའི་ཐབས་བྱེད་པ་གལ་ཆེ། སྤྱོད་ལམ་ཀྱང་མི་དགེ་བའི་རྟོག་པ་གཡོ་བྱེད་ཀྱི་རླུང་རྣམས་གཡས་ཀྱི་རྩ་ནས་རྒྱུ་བར་བྱེད་པས་ལོགས་གཡས་འོག་ཏུ་མནན། རྣ་བུག་གཡས་པ་སྲིང་བལ་གྱིས་བཀག་ལ་ཁོ་རང་དད་པ་ཡོད་པའི་བླ་མ་ཡི་དམ་འོད་དཔག་མེད་ཀྱི་ཞིང་བཀོད་སོགས་དཀོན་མཆོག་གི་རྟེན་མཆོད་པ་དང་བཅས་བཤམས། འཆི་ཁའི་སེམས་ཅན་དེ་ལ་སྙིང་རྗེས་བླ་མ་ཡི་དམ་གྱི་གཟུངས་སྔགས་བརྗོད་ན་ཕན་ཤིན་ཏུ་ཆེ་བ་ཡིན།   

༢༡༤ ཤི་མ་ཐག་རོ་བཅོས་བྱས་ཏེ་ཙོག་ཙོག་པུར་འདུག་ཏུ་འཇུག་པ་དེ་བཟང་ངམ།     

ལན། དེ་ནི་ཤིན་ཏུ་མི་ལེགས་པ་ཞིག་སྟེ་ཤི་མ་ཐག་རོ་ཙོག་ཙོག་པུར་འདུག་པར་བྱེད་པ་དང་རོ་བཅོས་བྱེད་པ་དེས་གཤིན་པོར་ཅི་ཡང་མི་ཕན་པའི་ཁར་གནོད་པའི་རྐྱེན་དུ་འགྲོ་ཉེན་ཤིན་ཏུ་ཆེ་བས་རྣམ་ཤེས་འཕོ་བའི་རྟགས་རྣ་བུག་ནས་ཁྲག་གམ་ཆུ་སེར་མ་ཐོན་བར་དུ་རོ་ལ་འགུལ་བསྐྱོད་དང་སྤྱི་གཙུག་ལས་གཞན་པའི་ལུས་དང་སྨད་ཕྱོགས་སུ་རེག་པ་གཏན་ནས་མི་རུང་ལ་ཉེ་འཁོར་དུ་ཀུ་ཅོ་ངུད་མོ་སྨྲེ་ངག་སོགས་ཀྱི་སྐད་མི་འདོན་པ་ཤིན་ཏུ་གལ་ཆེ།   

༢༡༥ མིའི་དབུགས་ཆད་མ་ཐག་ཏུ་སྐེ་སྡོམ་པ་དེ་འགྲིག་གམ། 

ལན། དེ་ནི་མི་འགྲིག་སྟེ་ཕྱི་དབུགས་ཆད་མ་ཐག་ཏུ་ད་དུང་མི་ཤི་མེད་པས་སྐེ་བསྡམས་ན་མི་བསད་པའི་ཉེས་པ་འབྱུང་བར་གསུངས། 

༢༡༦ མི་ཤི་དུས་སྔས་མགོའི་བླ་མ་ཞེས་པའི་འཕོ་བ་འདེབས་མཁན་ཞིག་དགོས་པའི་རྒྱུ་མཚན་ཅི་ཡིན། 

ལན། དེ་ནི་ཚེ་འདས་ཀྱི་རྣམ་ཤེས་ལ་གསལ་བཏབ་ནས་འཕོ་བའི་དམིགས་རིམ་སྒོམ་དུ་བཅུག་སྟེ་མན་ངག་ཁྱད་པར་ཅན་འདི་ལ་བརྟེན་ནས་མགོན་པོ་འོད་དཔག་མེད་ཀྱི་ཞིང་ཁམས་སུ་འཕོ་བར་བྱེད་པའི་རྒྱུ་མཚན་གྱིས་ཡིན་ནོ། །  

༢༡༧ མི་ཤི་དུས་ཐར་མདོ་འདོན་པའི་རྒྱུ་མཚན་གང་།  

ལན། བསམ་པ་དག་པས་མདོ་སྡེ་འདི་ལ་བརྟེན་ནས་མཐོལ་ཚངས་(འགྱོད་བཤགས་)ཚུལ་བཞིན་དུ་བྱས་ན་ཇི་ལྟ་བུའི་སྡིག་པ་སྟོབས་ཆེན་པོའང་ལྷག་མེད་དུ་བྱང་ཞིང་འདག་པར་འགྱུར་ཏེ་མདོ་ལས། དེ་བཞིན་མཐོལ་ཚངས་བྱེད་ནུས་ན། །རྩ་བ་བཞི་དང་མཚམས་མེད་ལྔ། །ལོག་སྤྱོད་བར་དུ་སྡིག་བྱང་སྟེ། །སངས་རྒྱས་འགྲུབ་པར་གདོན་མི་ཟ། །ཞེས་གསུངས་སོ། ། 

༢༡༨ ཆོ་ག་འདི་ཉིན་དུ་ལ་གདོན་དགོས་སམ། 

ན། ཞག་གྲངས་ངེས་བཟུང་མེད་ཀྱང་མདོ་རང་ཉིད་ལས། ཉིན་ཞག་བདུན་གྱི་བར་དུ་ཉིན་རེ་རེ་བཞིན་མདོ་སྡེ་འདི་བཀླགས་ཏེ་ཞེས་གསུངས་པས་ཞག་བདུན་བྱས་ན་ཤིན་ཏུ་ལེགས་གསུངས། 

༢༡༩ འོ་ན་ཐར་མདོ་འདོན་མཁན་ཨ་མཆོད་ཟེར་བ་ཞིག་དམིགས་སུ་འཚོལ་དོན་གང་ཡིན།  

ལན། མདོ་སྡེ་འདི་འདོན་པའི་ཚེ་གུས་པ་མེད་པ་དང་། སེམས་གཡེང་བས་ཆད་ལྷག་སྒྲ་ལོག་ཏུ་འདོན་པ་སོགས་ལ་ཕན་ཡོན་ལས་ཉེས་དམིགས་ཆེ་བས་འདོན་མཁན་མཚན་ཉིད་ཚང་བ་ཞིག་འཚོལ་དགོས་པར་མངོན་ནོ། །

༢༢༠ མི་ཤི་དུས་ཀུན་རིག་འདོན་པའི་རྒྱུ་མཚན་ཅི།

ལན། དེ་ནི་སྔོན་སྟོན་པའི་དུས་སུ་ལྷ་ཞིག་ཚེ་འཕོས་ནས་ཕག་ཏུ་སྐྱེས་པ་ལ་ལྷའི་དབང་བོ་བརྒྱ་བྱིན་གྱིས་སྟོན་པར་ཞུས་ནས་ཆེད་དུ་ངན་སོང་སྦྱོང་རྒྱུད་ཀུན་རིག་འདི་གསུངས་པ་ཡིན་པས་ངན་སོང་ལས་བགྲོད་པ་ལ་འདི་ཁྱད་དུ་བསྔགས་པས་ཡིན་ནོ། །



རྩོམ་སྒྲིག་པ།:   ཨ་བུ་འབྲོང་། སྤེལ་དུས:   2016-04-15 ལྟ་ཀློག (4817)