རིག་སྟོང་བཙན་ས་ཟིན་པའི་རང་གདངས་བཞུགས།

༄༅། །རིག་སྟོང་བཙན་ས་ཟིན་པའི་རང་གདངས་བཞུགས།


               མཁན་ཆེན་འཇིགས་མེད་ཕུན་ཚོགས། 
ཨོཾ་ཧེ་ཧེ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨ་མུ་ཀ་ཨུརྞ་མ་ཎི་ཡེ་སྭཱ་ཧཱ།
འཁོར་འདས་མཉམ་པར་བརྡལ་བའི་གཞི་ཀློང་དུ།།
རང་སྣང་སྐུ་གསུམ་རོལ་པ་འབྱམས་སུ་ཀླས།།
འཇི༵གས་མེ༵ད་གཟུངས་སྤོབས་ཏིང་འཛིན་སྒོ་བརྒྱ་འབྱེད།།
དོ༷ན་གཉི༷ས་ལྷུ༷ན་གྲུ༷བ་རྡོ༷་རྗེ༷་བདུ༷ད་འཇོ༷མས་ང་།།
རྣམ་དག་ཚུལ་ཁྲིམས་གཙང་མས་རྒྱུད་བསྡམས་ཤིང་།།
གཞན་ཕན་བྱང་ཆུབ་སེམས་ལ་མངའ་དབང་འབྱོར།།
རྡོ་རྗེ་ལྟ་བུའི་ཏིང་འཛིན་འཕྲུལ་འཁོར་གྱིས།།
ཉེ༷ས་ཚོ༷གས་རང་སར་གྲོ༷ལ་བ་ང་མིན་སུ།།
ནམ་མཁའ་མཛོད་ཀྱི་ཏིང་འཛིན་ཕོ་ཉ་ཡིས།།
ཕུ༵ན་ཚོ༵གས་སྡེ་བཞིའི་ཁྲི་ལ་མངའ་གསོལ་ཞིང་།།
འབྲེལ་ཚད་དོན་ལྡན་ཡིད་བཞིན་ནོར་བུ་དངོས།།
འདོ༷ད་རྒུ༷་ཀུ༷ན་ཀྱི་འབྱུ༷ང་གནས་ང་མིན་སུ།།
སྒྱུ་མ་ལྟ་བུའི་ཏིང་འཛིན་དང་འགྲོགས་པའི།།
ཐབས་གྲོལ་ཨུཏྤལ་དམར་པོའི་ཞགས་པ་ཡིས།།
རླུང་སེམས་ལྷ་མིའི་འདུ་བ་བྲན་དུ་ཁོལ།།
སྣ༷ང་སེ༷མས་དབ༷ང་སྡུ༷ད་སྐ༵ལ་བ་བཟ༵ང་པོ་ང་།།
དཔའ་བར་འགྲོ་བའི་ཏིང་འཛིན་གྱིས་བོས་པའི།།
ཤེས་རབ་རལ་གྲིའི་འཕྲུལ་ཐབས་གཅིག་གིས་ཀྱང་།།
ཚར་གཅོད་རྗེས་སུ་འཛིན་ལ་དབང་འབྱོར་བའི།།
ཕྱོ༷གས་ལ༷ས་རྣ༷མ་པར་རྒྱ༷ལ་བ་ང་མིན་སུ།།
སྔ༷གས་སྐྱེ༷ས་ཌཱ་ཀིའི་རྟེན་འབྲེལ་ལ་བརྟེན་ནས།།
ཞི༷ང་སྐྱེ༷ས་ཌཱ་ཀིའི་ཚོགས་ལ་མངའ་དབང་བསྒྱུར།།
ལྷ༷ན་སྐྱེ༷ས་ཌཱ་ཀིའི་དེ་ཉིད་མངོན་སུམ་མཐོང་།།
མཁའ་འགྲོའི་དབང་ཕྱུག་ཧེ་རུ་ཀ་དཔལ་ང་།།
ཤིན་ཏུ་བསམ་སྦྱོར་ངན་པའི་བདུད་རིགས་ཚོགས།།
བསྟན་དང་འགྲོ་ལ་གནོད་པ་དེས་ཆོག་གིས།།
ད་ནི་རང་མགོ་རང་གིས་མ་བསྐོར་བར།།
ངན་སོང་ལམ་ནས་བཤོལ་ན་མི་ལེགས་སམ།།
ཐུགས་རྗེའི་སྤྱན་ལྡན་རྩ་གསུམ་སྲུང་མའི་ཚོགས།།
ཕ་བཟང་བུ་ཡི་གྲོགས་སུ་ད་བྱོན་ལ།།
བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བ་དང་།།
མཐུན་རྐྱེན་ལེགས་ཚོགས་ཆར་དུ་འབེབས་པར་མཛོད།།

ཅེས་ས་སྦྲུལ་ཟླ༡༢པའི་ཚེས་༢༢ཀྱི་སྔ་དྲོའི་ཆར་སྒྲུབ་བརྩོན་གྱི་སློབ་མ་རྣམས་ལ་ལྷུན་གྲུབ་ཐོད་རྒལ་གྱི་རིག་པ་ངོ་སྤྲོད་པའི་ཉེར་བསྡོགས་ཀྱི་ཚེ། གློ་བུར་དུ་བར་ཆད་བདུད་ཀྱིས་གླགས་བཙལ་བའི་ཆོ་འཕྲུལ་བསྟན་པའི་རྐྱེན་གྱིས་འབར་བ་ཆེན་པོའི་སྐུར་བཞེངས་ཏེ། ཐུགས་ཁྲོས་པའི་ཚུལ་གྱིས་ཐོལ་བྱུང་དུ་སྤེལ་བ་གུས་སློབ་བསྟན་འཛིན་རྒྱ་མཚོས་སྒྲ་ཕབ་འཁོར་ལོ་ལས་སླར་ཡི་གེར་བཀོད་པ་དགེ།།  །།

རྩོམ་ཡིག་མཁོ་སྤྲོད་པ། གསར་འགོད་པ་གླིང་བུའི་སྙེ་མ།




རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-04-09 ལྟ་ཀློག (4922)