པཱ་ཀི་སི་ཐན་ནང་བོད་རིགས་ཁ་ཆེ་པ་ཚོས་བོད་ཀྱི་སྐད་ཡིག་སླར་གསོ་བྱེད་བཞིན་པ།

པཱ་ཀི་སི་ཐན་ནང་གི་བོད་རིགས་ཁ་ཆེ་ཆོས་ལུགས་པ་ཚོས་བོད་ཀྱི་སྐད་ཡིག་སླར་གསོ་བྱེད་བཞིན་པ།

སྤལ་ཏི་ཡུལ།  ༼Baltistan༽ ནི་བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཁུལ་གྲས་ཤིག་ཡིན།

     བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ལས་བོད་ཡུལ་སྟོད་སྨད་བར་གསུམ་དུ་དབྱེ་སྲོལ་ཡོད་པ་ལྟར། སྟོད་མངའ་རིས་སྐོར་གསུམ་སྟེ།  སྤུ་ཧྲེང་དང་མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག  ཞང་ཞུང་དང་ཁྲི་ཏེ་སྟོད་སྨད་གསུམ་སྐོར་གཅིག     འཆིམ་མམ་ལི་དང་བྲུ་ཤ།   སྤལ་ཏེ་གསུམ་སྐོར་གཅིག་ཅེས་གྲགས་པའི་གནའ་བོའི་སྤལ་ཏི་ཡུལ་གྱི་ཁོངས་གཏོགས་ས་ཁུལ་གྲས་ཤིག་ཡིན་ལ།   གཡག་རྭ་སྨུག་པོའི་རི་རྒྱུད་༼ Karakoram. pass༽ཀྱི་ལྷོ་རྒྱུད་དུ་ཆགས་ཡོད།  ཕྱི་ལོ་༡༩༤༧ ལོ་ནས་བཟུང་པ་ཀི་སི་ཐན་རྒྱལ་ཁབ་གྱི་དབང་བསྒྱུར་མངའ་ཁོངས་སུ་ཚུད་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་དེའི་བྱང་ཕྱོགས་མཐའ་མཚམས་ཁུལ་དུ་ཡོད་པའི་གྷལ་གྷི་ཌི་དང་སྤལ་ཏི་ཡུལ་༼ Gilgit-Baltistan༽ དུ་འབོད་པའི་མངའ་སྡེ་ཁོངས་སུ་བཅུག་ཡོད།

  སྤལ་ཏི་མི་མང་བརྒྱ་ཆ་དགུ་བཅུ་བོད་རིགས་ཡིན།   སྤལ་ཏིའི་ཁོངས་སུ་གངས་ཆེ་དང་བྲག་མཁར། མཁར་མང་།   རོང་མདོ། སྐར་རྡོ་བཅས་རྫོང་ཁག་ལྔ་ཚུད་ཡོད་ལ།  ཡུལ་མི་མང་ཆེ་བས་སྤལ་ཏི་སྐད་བཤད་ཀྱིན་ཡོད་ལ།  ཚོ་ཁག་འགའ་རེས་ཤིས་ནའ་སྐད་༼shins༽དང་། དེ་མིན་གཞན་གྱི་སྐད་ཡིག་སྤྱོད་ཀྱིན་ཡོད།  ཁོང་ཚོས་ཆོས་ལུགས་ཀྱང་དབྱི་སི་ལིམ་ཆོས་ལུགས་ལག་བསྟར་བྱས་པར་བརྟེན། སྤལ་ཏི་ཡུལ་མིའི་ངོས་ནས་སོ་སོའི་སྲོལ་རྒྱུན་གོམས་གཤིས་དང་བྱེད་སྒོ་རྣམ་བཞག    རིན་ཐང་ལྟ་བ་བཅས་འདོར་མགོ་ཚུགས་ཡོད་པ་མ་ཟད། སྐབས་ཤིག་ལ་བོད་ཡིག་ནི་ནང་ཆོས་ཀྱི་ཡི་གེར་ངོས་འཛིན་བྱས་ཏེ་སྤལ་ཏིའི་ཡུལ་མི་ཚོར་བོད་ཡིག་སྤྱོད་རྒྱུར་སྐྱོན་བརྗོད་བྱེད་མགོ་ཚུགས་པ་དང་།  དེར་བརྟེན།  བོད་ཡིག་བེད་སྤྱོད་བྱ་རྒྱུར་མཐའ་གཅིག་ཏུ་མཚམས་འཇོག་བྱས་པ་རེད།

    དེང་སྐབས་བོད་ཡིག་ལ་བཅོམ་ལྡན་འདས་ཀྱི་ཆོས་ཡིག་༼Bodhagay༽ཅེས་འབོད་ཀྱིན་ཡོད་ལ།  བོད་ཡིག་སྣང་མེད་བསྐྱུར་འཇོག་བྱས་པ་དེས། སྤལ་ཏི་སྐད་ཡིག་ལ་བསྐྱར་གསོན་དཀའ་བའི་ཉམས་ཉེས་ཆེན་པོ་བྱུང་ཡོད།  གལ་སྲིད། ཤེས་ཡོན་ཅན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ།  གཞུང་ཞབས་མི་སྣ། རྩོམ་པ་བོ། དེ་བཞིན་མཐོ་སློབ་ཀྱི་དགེ་རྒན་ཚོས་ཧི་མ་ལའི་རི་རྒྱུད་ཀྱི་སྐད་ཡིག་རྙིང་ཤོས་གྲས་ཡིན་པ་སྤལ་ཏི་ཡུལ་གྱི་བོད་ཡིག་བསྐྱར་གསོ་ཡོང་ཐབས་ལ་འབད་བརྩོན་མ་བྱས་ཚེ་སྤལ་ཏི་བོད་ཡིག་གི་མདུན་ལམ་མུན་ནག་ཅན་དུ་འགྱུར་ངེས་སོ་ཞེས་སེམས་ཁྲལ་གནང་མཁན་མང་དུ་འབྱུང་བཞིན་ཡོད།

     དེང་གི་ཆར་སྤལ་ཏི་ཡུལ་ད་དུང་ཆོས་ལུགས་དང་མི་རིགས་སོགས་ཕྱི་ནང་གི་འགལ་རྐྱེན་འདྲ་མིན་སྣ་ཚོགས་ལ་འཕྲད་ཀྱིན་ཡོད་ཀྱང་།  གཞོན་སྐྱེས་ཤེས་ལྡན་པའི་ཁྲོད་སོ་སོའི་སྐད་ཡིག་སླར་གསོའི་ལས་དོན་ཐད་དོ་སྣང་བྱ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། 


རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར།  འབའ་སྣང་གྲོལ། ཨ་བུ་འབྲོང་།



རྩོམ་སྒྲིག་པ།:   བན་ཤུལ་འཇམ་དབྱངས། སྤེལ་དུས:   2016-02-12 ལྟ་ཀློག (5928)