མེ་ཕོ་སྤྲེལ་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།
མེ་ཕོ་སྤྲེལ་ལོའི་གནམ་ལོ་གསར་བ་འཛུམ་གྱིས་བཞད་པའི་སྐབས་འདིར། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་ལྷག་བསམ་དྲི་མེད་ཀྱི་ལྷ་དར་དཀར་བོ་མཐོ་རུ་བཏེགས་ཏེ་ཁྱེད་ཀྱི་ལོ་སར་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
དཀར་གསུམ་མངར་གསུམ་དང་། རྩམ་པ། གྲོ་དང་ནས་ཀྱི་སྙེ་མ། མར་ཚོན་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་གྲུབ་པའི་གྲོ་སོ་ཕྱེ་མར་ནི་བཀྲ་ཤིས་པའི་བྱ་བ་ཐམས་ཅད་ལ་བཀོད་ཆོག་པའི་རྟེན་འབྲེལ་མཚོན་པའི་རྫས་ཤིག་ཡིན་ལ། རྟེན་རྫས་འདིས་བདག་གཞན་གཉིས་ས་ཕྱོགས་གང་དུ་ཕྱིན་ཡང་ཁ་དྲོ་བ་དང་བཀྲ་ཤིས་པར་མཚོན་གྱིན་ཡོད་པ་མ་ཟད། ཕུགས་ཀྱི་ལྷ་གསོལ་བ་དང་ཁྱིམ་དུ་ཕྱྭ་གཡང་འགུག་པ་སོགས་བཀྲ་ཤིས་པའི་བྱ་བ་ཐམས་ཅད་ལ་འཇུག་པའི་སྐབས་སུ་མེད་དུ་མི་རུང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དེ་བས་གནམ་ལོ་གསར་ཚེ་འདིར་ཆེད་དུ་བཀྲ་ཤིས་གཡང་རྫས་གྲོ་སོ་ཕྱེ་མར་གྱིས་ཐོག་དྲངས་ཏེ་བོད་ཁ་བ་ཅན་གྱི་སྲིད་འབྱོར་རིག་གསུམ་རྒྱས་པ་དང་། མཐུན་རྐྱེན་རྟེན་འབྲེལ་ལེགས་པའི་སྨོན་འདུན་དང་བཅས་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་དགེ་སློབ་ལས་བཟོ་བ་ཡོངས་ཀྱིས་ཚབ་བྱས་ཏེ་དྲྭ་ཚིགས་རྩོམ་སྒྲིག་པས་ཉིས་སྟོང་བཅུ་དྲུག་ལོའི་ལོ་སར་ལ་ཕུལ།
༄༅།།བཀའ་པོད་ཆེན་པོ་ལྔའི་འཆད་ཉན་གྱི་གཡང་འབོད་བཞུགས་སོ།
༄༅།། ཧཱུཾ་བླ་མ་ཡི་དམ་དབྱེར་མེད་དཀོན་མཆོག་གསུམ།།
དཔའ་བོ་མཁའ་འགྲོ་བསྟན་སྲུང་ཚོགས་རྣམས་ཀྱིས།།
ལྷུན་གྲུབ་འཕྲིན་ལས་སྤྲིན་ཆེན་འཁྲིགས་པ་ལས།།
བཤད་དང་སྒྲུབ་པའི་དགེ་ལེགས་བྱིན་ཕོབས་ཤིག།
འཇམ་དཔལ་དབྱངས་དངོས་རྒྱལ་བ་ཙོང་ཁ་བས།།
དགོན་གསན་བཤད་སྒྲུབ་ཐུགས་ཀྱི་དགོངས་པ་བཞིན།།
དགེ་འདུན་འདུས་ཚོགས་འཆད་ཉན་ཕུན་ཚོགས་ཀུན།།
དབྱར་གྱི་ཆུ་གཏེར་ཇི་བཞིན་འཕེལ་བར་མཛོད།།
རྣམ་སྨིན་ཡོན་ཏན་བརྒྱད་ཀྱི་ལུས་རྩལ་རྫོགས།།
ཐོས་བསམ་པདྨའི་ཚལ་དགའ་བས་རྩེན།།
ལུང་རིིགས་འདབ་མ་དབྱངས་སྙན་སྒྲོགས་པ་ཡི།།
རྐང་དྲུག་བགྲང་ཡས་འདུ་བའི་ཕྱྭ་གཡང་སྩོལ།།
མཁས་བཙུན་ལྷག་བསམ་ཅན་གྱི་སློབ་དཔོན་དང་།།
དད་བརྩོན་ཤེས་རབ་ལྡན་པའི་སློབ་མ་གཉིས།།
རྟེན་འབྲེལ་ལྷན་ཅིག་འཛོམས་པའི་འཆད་ཉན་གྱི།།
རྒྱལ་མཚན་སྲིད་རྩེར་བསྒྲེང་བའི་ཕྱྭ་གཡང་སྩོལ །།
གཞུང་དོན་གདམས་པར་ཤར་བའི་གོ་བ་དང་།།
ཚིག་དོན་ཕྲ་ཞིབ་འབྱེད་པའི་རིག་པའི་འཕྲུལ།།
ངེས་པ་སྐྱེད་བྱེད་རྒྱབ་རྟེན་ལུང་དང་བཅས།།
རྩོད་ངག་དགའ་སྟོན་འཕེལ་བའི་ཕྱྭ་གཡང་སྩོལ།།
དམ་ཆོས་དགོངས་དོན་ཚུལ་བཞིན་བསྡུས་པའི་ཁྲིམས།།
ལས་འབྲས་དྲང་ཐིག་འདེབས་པའི་ལས་བྱེད་པ།།
ཚར་གཅོད་རྗེས་འཛིན་རྟིང་གནོན་མི་ཡོལ་བའི།།
བཅའ་ཁྲིམས་རྨང་གཞི་བརྟན་པའི་ཕྱྭ་གཡང་སྩོལ། །
ངན་ཤེད་བྲག་ལ་འཆའ་བའི་འུག་པ་དང་།།
བླང་དོར་ལམ་དུ་བརྒྱུ་བའི་ཤན་འབྱེད་པ།།
ལས་འབྲས་བདེན་པའི་ཉི་མ་འོད་པོ་ཆེས།།
སྣང་བ་མངོན་དུ་འགྱུར་བའི་ཕྱྭ་གཡང་སྩོལ།།
སྡིག་སྤྱོད་རྒྱན་དུ་ངོམས་པའི་ལོག་པའི་གཏམ།།
ཕྱོགས་ལྷུང་ཙམ་གྱིས་བསྔགས་པའི་མུ་ཅོར་སོགས།།
མ་ཡིན་ཆོས་ཀྱི་གྲགས་པ་ཆོས་བཞིན་དུ།།
བསྒྲགས་བྱས་སྙན་པའི་ཀུན་ཁྱབ་ཕྱྭ་གཡང་སྩོལ། །
བསོད་ནམས་ཞིང་གི་མཆོག་གྱུར་དགེ་འདུན་དང་།།
བསོད་ནམས་དད་གཏོང་འཛོམས་པ་སྦྱིན་པའི་བདག །
བསོད་ནམས་སྡིག་དང་མ་འདྲེས་རྒྱུ་སྦྱོར་གྱིས།།
བསོད་ནམས་དུས་སྟོན་དར་བའི་ཕྱྭ་གཡང་སྩོལ།།
མངོན་འདོད་ཚངས་པའི་བློ་ཡི་གཡོ་བ་ལས།།
བྱུང་མིན་བཤད་སྒྲུབ་བསྟན་པ་གནས་གྱུར་ན།།
ངང་གིས་འདུ་བ་སྲུང་མའི་འཕྲིན་ལས་ཀྱིས།།
ཕུན་ཚོགས་དཔལ་འབྱོར་རྒྱས་པའི་ཕྱྭ་གཡང་སྩོལ།།
ཁྱད་པར་བློ་གསལ་དོན་གཉེར་ཚུལ་མཐུན་རྣམས།།
ནང་རིམས་གདོན་བགེགས་རྐྱེན་གྱིས་མི་བརྫི་བར།།
ཐོས་བསམ་བྱ་བ་བདེ་ལེགས་མཐར་ཕྱིན་ཏེ།།
དོན་གཉིས་སྨོན་པ་བཞིན་དུ་འགྲུབ་པར་མཛོད།།
མདོར་ན་མི་འདོད་ཉེར་འཚེ་ཀུན་དང་བྲལ།།
ཕུན་ཚོགས་ལེགས་བྱས་མ་ལུས་ལྷུན་གྱིས་གྲུབ།།
རྒྱལ་བསྟན་ནོར་བུ་རྒྱལ་མཚན་རྩེར་མཆོད་པས།།
སྲིད་གསུམ་དགེ་ལེགས་སྣང་བའི་ཁྱབ་གྱུར་ཅིག །
བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན།།
སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ།།
ཚེ་རིང་ནད་མེད་གཞན་དོན་ལྷུན་གྱིས་གྲུབ།།
ཡོན་ཏན་རྒྱ་མཚོའི་མཆོག་གིས་བཀྲ་ཤིས་ཤོག །
ཅེས་པ་འདི་ནི་༧ རྗེ་གུང་ཐང་བསྟན་པའི་སྒྲོན་མེས་གནས་ཆུང་གཡང་འབོད་དུ་བསྩལ་བ་ཅུང་ཟད་ཁ་བསྒྱུར་ཏེ། རྒྱན་དྲུག་ཕྱག་མཆོད་དུ་སྦྱོར་བར་ ༧ བླ་མ་ཉིད་ཀྱིས་གནང་བ་ལྟར་རོ།།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་རྩེ་ཉི་ཟེར། འབའ་སྣང་གྲོལ། ཨ་བུ་འབྲོང་།
|