
འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲངས་པའི་སྙིང་གཏམ།
ཐུའུ་བཀྭན་ཆོས་ཀྱི་ཉི་མ།
བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།
རྒན་ལ་གཞོན་གྱིས་གྲོས་འདེབས་མི་རིགས་ཀྱང།།
གཞོན་ལ་རྒན་གྱིས་ཁ་བརྡ་འོས་པའི་ཕྱིར།།
འཇིག་རྟེན་ལུགས་ཀྱི་རྗེས་འབྲང་སྙིང་གཏམ་འདི།།
གཞོན་པ་རྣམས་ལ་ཕན་པའི་སེམས་ཀྱིས་འབྲི།།
རང་བཞིན་བསམ་པ་དྲང་ན་བཟང་མོད་ཀྱང་།།
ཧ་ཅང་དྲང་ན་དུས་ངན་མི་རྣམས་ཀྱིས།།
རྩེ་རྒོད་བྱེད་རྟེན་སྤྲང་བོའི་སྤྲེའུ་འདྲ།།
དྲང་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན།།
ཁ་མཁས་སྨྲ་ལྕེ་བདེ་ན་བཟང་མོད་ཀྱང་།།
དུས་ཚོད་གནས་སྐབས་མེད་པར་ཁ་མང་ན།།
རང་གི་ནང་ཉམས་བཟང་ངན་མི་ལ་སྟོན།།
བཤད་ཚོད་རན་པར་འཛིན་པ་སྙིང་གཏམ་ཡིན།།
ཁ་ཉུང་ཁོག་པ་གྲིམ་ན་བཟང་མོད་ཀྱང་།།
བཟང་ངན་ཐམས་ཐད་ནང་ལ་བསྡུ་ཆེ་ན།།
སུས་ཀྱང་མི་ཤེས་ཆུ་མགོ་ལྐུགས་པ་ཡིན།།
ཐང་ལྷོད་རན་པར་འཛིན་པ་སྙིང་གཏམ་ཡིན།།
དགྲ་ལ་ཞེ་སྡང་ཆེ་ན་བཟང་ཟེར་ཡང་།།
རྒྱུ་མཚན་མེད་པར་ཧ་ཅང་འབར་ཆེ་ན།།
ཀུན་དང་འཁོན་པ་སྒོ་ཁའི་ཁྱི་དང་འདྲ།།
འབར་རྒྱུ་འཁོན་རྒྱུ་མ་མང་སྙིང་གཏམ་ཡིན།།
ཁ་འཇམ་སེམས་རྒྱུད་འཇམ་ན་བཟང་མོད་ཀྱང་།།
བཟང་བོ་མི་བརྩི་ངན་པ་བྲིན་དུས་འདི།།
གཉོན་ཆུང་རྣམས་ལ་བཟང་ངན་ཀུན་གྱིས་བརྙས།།
འཇམ་ས་རྩུབ་ས་མ་ནོར་སྙིང་གཏམ་ཡིན།།
ནོར་ལ་འཛིན་ཆགས་ཆུང་ན་བཟང་མོད་ཀྱང་།།
ནོར་མེད་སྤྲང་བོ་ཀུན་གྱིས་མཐོང་ས་མེད།།
ཕྱུག་པོའི་ཁྱི་ཡང་གྲལ་མགོར་འཇོག་དུས་འདིར།།
ནོར་རྫས་ཅུང་ཟད་བསགས་པ་སྙིང་གཏམ་ཡིན།།
བྲེ་སྲང་གཡོ་སྒྱུ་མནའ་ལ་མི་འཛེམ་པའི།།
ཁེ་ཚོང་ངན་པས་རྒྱལ་ཁམས་མི་ཁ་བརླགས།།
ཁེ་ཆེ་མངོན་ཆུང་སྡིག་པའི་ལས་ལ་འཛེམ།།
ཟས་ནོར་གསོག་ཚུལ་ཤེས་པ་སྙིང་གཏམ་ཡིན།།
གསོག་རིམ་ཕྲ་ཞིབ་མཛངས་ན་བཟང་མོད་ཀྱང་།།
ཧ་ཅང་སེར་སྣ་ཆེ་ན་འཁོར་མཁན་མེད།།
རང་ལ་མི་ཕན་ཡི་དྭགས་གཏེར་སྲུང་འདྲ།།
གསོག་ཚོད་གཏོང་ཚོད་ཟིན་པ་སྙིང་གཏམ་ཡིན།།
ཟླ་གྲོགས་མཛའ་མཐུན་མང་ན་བཟང་མོད་ཀྱང་།།
གྲོགས་པོ་ངན་པས་རང་ཉིད་ཐུར་དུ་འཁྲིད།།
ཐ་མ་རང་གཞན་གཉིས་ཀ་ཆུ་ལ་བསྐུར།།
འགྲོགས་ས་མཐུན་ས་མ་ནོར་སྙིང་གཏམ་ཡིན།།
དགའ་སྡུག་མེད་པའི་སེམས་ཅན་དཀོན་ན་ཡང་།།
ཧ་ཅང་དགའ་སྡུག་འགྱུར་ལྡོག་མང་བ་སྟེ།།
ཀུན་ལ་རྩིས་མེད་སྤུན་དུ་འགྲོག་མཁན་མེད།།
གྲོགས་ལ་ཕྱི་ཐག་མ་ཐུང་སྙིང་གཏམ་ཡིན།།
རང་ལ་བློ་གཏད་གྲོགས་དང་ཉེ་དུ་ལ།།
ལྐོག་ན་ཤ་ཚ་མེད་ན་ཁྱི་དང་འདྲ།།
སྙིང་ནས་བློ་གཏད་བསླུས་ན་ཁྲེལ་མེད་ཡིན།།
ཁྲེལ་དང་བློ་གཏད་ཐུབ་པ་སྙིང་གཏམ་ཡིན།།
མངོན་སུམ་ཐུག་ན་ངོ་བསྟོད་མཐུན་འགྱུར་བྱེད།།
སོང་བའི་རྗེས་སུ་སྐྱོན་མཚང་ཡོད་ཚད་སྒྲོག།
ཁ་གཅིག་ནང་ནས་ལྕེ་གཉིས་སྦྲུལ་དང་འདྲ།།
མངོན་གཏམ་ལྐོག་གཏམ་མ་མང་སྙིང་གཏམ་ཡིན།།
ཡ་ཡ་གོ་གོ་ཐམས་ཅད་ངོ་འཛིན་ཡིན།།
ལྐོག་ཏུ་སོང་ན་དེ་ལྟར་ཡིན་པ་དཀོན།།
རེད་རེད་ཡིན་ཡིན་མང་བོས་ཤོད་ལ་འཕེན།།
ཟེར་ཚད་བདེན་པ་མ་འཛིན་སྙིང་གཏམ་ཡིན།།
དྲན་རྒྱུ་ཆེ་ན་བྱ་བ་མང་དུ་འགྲོ།།
བྱ་བ་མང་ན་ཕལ་ཆེར་མཐར་མི་ཕྱིན།།
མཐར་མ་ཕྱིན་ན་རང་གནོད་གཞན་གྱིས་འཕྱ།།
དྲན་རྒྱུ་བྱེད་རྒྱུ་མ་མང་སྙིང་གཏམ་ཡིན།།
ཀུན་གྱིས་བཀུར་དུས་རང་ཚོད་རང་གིས་ཟུངས།།
ཀུན་གྱིས་བརྙུས་དུས་རང་དཔའ་རང་གིས་སྐྱེད།།
རང་མགོ་རང་གིས་འདོན་པ་སྙིང་གཏམ་ཡིན།།
དེ་རྣམས་འཇིག་རྟེན་ཁོ་ནའི་དབང་དུ་བཏང་།།
ཆོས་ཀྱི་ཁ་བརྡ་དགོས་ན་རིམ་གྱིས་བཤད།།
བཤད་པའི་གཏམ་ལ་ཉན་དང་མི་ཉན་ཡང་།།
ཕན་པའི་སེམས་ཀྱིས་བྲིས་པ་མངྒ་ལཾ།
རྩོམ་ཡིག་ཕབ་བཤུ་བ་སྐབས་དྲུག་པའི་མཐར་ཕྱིན་སློབ་མ་མེ་ལྕེབས་ཡིན།
རྩོམ་སྒྲིག་འགན་འཁུར་བ། ཁཱ་ཤེས་རབ་རྒྱ་མཚོ། མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་།
|