མཚུངས་མེད་བླ་མ་དྲན་པའི་གདུངས་དབྱངས།

མཚུངས་མེད་བླ་མ་དྲན་པའི་གདུངས་དབྱངས།
                     བཛྲ་ཚུལ་ཁྲིམས་རྒྱ་མཚོས།
དགེ་ལེགས་ཆུ་གཏེར་ལན་བརྒྱར་བསྲུབས་པ་ལས།།
འདུན་ལྡན་བློ་གྲོས་རལ་ཀློང་མཛེས་པའི་གཉེན།།
རྒྱ་བོད་མཁས་དགུའི་གཙུག་རྒྱན་སྔོན་མེད་ཟླ།།
མགོན་ཁྱོད་དུས་ཀུན་མ་འབྲལ་ཡིད་མཚོར་རོལ།།

བཤེས་ཁྱོད་དགུང་གྲངས་གཞོན་པའི་དུས་ཉིད་ནས།།
ཕལ་བའི་བསམ་སྤྱོད་ཀུན་ལས་འདས་པས་ན།།
གང་དུ་འཁྲུངས་པའི་ཡུལ་ནའང་ངོ་མཚར་གཏམ།།
གཟུར་གནས་མགུ་བ་སྐྱེད་བྱེད་མང་དུ་ཐོས།།

ན་ཚོད་ཕྲ་ཡང་བཅོས་མིན་ངེས་འབྱུང་གིས།།
ལེགས་དྲངས་རྒྱལ་བའི་བསྟན་ལ་རབ་བྱུང་ཚེ།།
ཇི་ལྟར་ཁས་བླངས་ཇི་བཞིན་བསྲུང་མཛད་པས།།
བཅོས་མའི་དཔུང་གི་ཁེངས་པ་ཡུད་ཀྱིས་བསྙིལ།།

ཡོན་ཏན་ཀུན་གྱི་རྩ་བ་དགེ་བའི་བཤེས།།
ཚུལ་བཞིན་བསྟེན་པའི་མཛད་པ་གཅིག་བུས་ཀྱང་།།
ཆོས་ཀྱི་ཟབ་གནད་མཐོང་བའི་གཟུར་གནས་ཀྱི།།
མཁས་མང་སྙིང་ལ་བཅོས་མིན་དང་བ་འདྲེན།།

དམ་པ་མང་བོས་ལུང་གིས་རབ་བསྔགས་ཤིང་།།
རྨད་བྱུང་ཆོས་འབྱོར་འོ་མཚོ་འཕྱུར་བའི་གླིང་།།
བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེར།།
བཀའ་པོཏ་རྣལ་མར་ཐོས་བསམ་ཕྲ་ཞིབ་མཛད།།

མདོ་སྔགས་རིག་གནས་རབ་འབྱམས་གཞུང་གི་གནད།།
ཕྱོགས་རེས་པ་དང་ཚིག་སྤྱི་ཙམ་མིན་པར།།
ལུང་རིགས་ཟུང་གིས་ཕུ་ཐག་གཅོད་ཚུལ་དེས།།
མཁས་རློམ་ཁེངས་པའི་གཟི་བྱིན་རྩད་ནས་གཅོད།།

ཚིག་དོན་མ་ལུས་མཁྱེན་པ་ཙམ་མིན་པར།།
གང་ཐོས་ཇི་བཞིན་སྒྲུབ་པའི་མཛད་བཟང་གིས།།
ཐོས་པ་མང་ཡང་ཉམས་ལེན་དཀོན་པའི་རིགས།།
ཆོས་ཚུལ་ཇི་བཞིན་སྒྲུབ་པའི་ལམ་ལ་སྦྱར།།

རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།།
མཐའ་ཀླས་གདུལ་བྱར་བརྩེ་བས་སྟོན་པ་ན།།
དུལ་བ་ཞི་བ་ཉེར་ཞི་སོགས་ཡོན་ཏན།།
རྫོགས་པའི་བཤེས་དེ་ཁྱོད་ཉིད་གཅིག་བུར་འཁུམས།།

འདུལ་ཁྲིམས་གཙང་མས་ཉེ་བར་འཁོར་ཡང་བསླུ།།
བྱམས་དང་བརྩེ་བས་སྤྱན་རས་གཟིགས་དབང་སྐྱེངས།།
མཁྱེན་རབ་ཟབ་པས་འཇམ་དཔལ་གཞོན་ནུ་ཉིད།།
མདོར་ན་བཤེས་ཁྱོད་ཡོན་ཏན་ཀུན་གྱི་གཏེར།།

ངོ་མཚར་གསང་བ་བསམ་གྱིས་མི་ཁྱབ་པའི།།
ཁྱོད་ཀྱི་རྣམ་ཐར་ཆེན་པོའི་ཆེན་པོ་རྣམས།།
བདག་འདྲས་ཆ་ཙམ་བརྗོད་པར་ནུས་མིན་ཡང་།།
གང་བརྗོད་གཅམ་བྲལ་མྱོང་བ་ཇི་བཞིན་ཉིད།།

དེའི་ཕྱིར་ཉིད་ཀྱི་གསུང་གི་བདུད་རྩིའི་བཅུད།།
གཞིབས་པའི་སྐལ་བཟང་ཐོབ་པའང་སྔོན་བསགས་ཀྱི།།
བསོད་ནམས་མི་དམན་སྙམ་པའི་དགའ་བ་གང་།།
ཁམས་གསུམ་དུ་ཡང་མཚོན་བྱེད་ངས་མ་རྙེད།།

ཕལ་བའི་ཕལ་བ་བློ་དམན་བདག་འདྲ་ཡང་།།
བརྩེ་ཆེན་ཐབས་མཁས་ཐུགས་རྗེས་བསྐྱངས་པའི་ཚུལ།།
དྲན་ཚེ་ཁོ་བོའི་མིག་ལས་མཆི་མའི་རྒྱུན།།
སྤྲིན་གྱི་ཀློང་ལས་ཆར་བ་ཇི་བཞིན་ཉིད།།

ངེས་དོན་འཆི་མེད་སྐུ་ལ་མངའ་བརྙེས་ཁྱོད།།
གློ་བུར་ཞིང་གཞན་གཤེགས་པའི་ངང་ཚུལ་འདི།།
བརྩེ་བྲལ་ཆད་པས་མནར་བ་མིན་ན་ཡང་།།
བདག་ལ་མྱ་ངན་འདི་ལས་ལྕི་བ་གང་།།

དམུས་ལོང་དམིགས་བུས་དོར་བའི་སྡུག་བསྔལ་དང་།།
སྣོད་བཅུད་སྣང་བས་སྟོང་བའི་མྱ་ངན་ཡང་།།
མགོན་ཁྱོད་གློ་བུར་བྲལ་བའི་གདུང་སེམས་དང་།།
བསྡུར་ཚེ་མྱ་ངན་ཆུང་ངུའི་ཆུང་ངུ་ཉིད།།

མདོར་ན་ཁྱེད་དང་བྲལ་བའི་གདུང་བ་འདི།།
ཇི་བཞིན་བརྗོད་པའི་ཚིག་སྦྱོར་སྤེལ་ཐབས་བྲལ།།
སྙིང་གི་གདུང་འབོད་མཚོན་པའི་དབྱངས་རྟ་ཡང་།།
ཚངས་པས་བསྐལ་བར་འབད་ཀྱང་སྦྱོར་ནུས་མིན།།

འོན་ཀྱང་ཁོ་བོའི་སྙིང་གི་མྱ་ངན་འདི།།
ཉིད་ཀྱི་ཞལ་ཆེམས་ཇི་བཞིན་བསྟན་འགྲོའི་དོན།།
སྒྲུབ་པའི་སྟོབས་སུ་བསྒྱུར་ཏེ་འབད་ལགས་ན།།

ནམ་ཡང་མི་འབྲལ་ཐུགས་རྗེས་དམ་དུ་ཟུངས།།

རྩོམ་ཡིག་མཁོ་སྤྲོད་པ།  གྱི་ལིང་འཇིགས་མེད། 


རྩོམ་སྒྲིག་འགན་འཁུར་བ།  ཁཱ་ཤེས་རབ་རྒྱ་མཚོ།  མགར་ཉི་ཟེར། བན་ཤུལ་འཇམ་དབྱངས། ཨ་བུ་འབྲོང་། 


རྩོམ་སྒྲིག་པ།:   འབའ་སྣང་གྲོལ། སྤེལ་དུས:   2015-12-22 ལྟ་ཀློག (6683)